- gong ma se chen han
- ID:
- T226603
- གོང་མ་སེ་ཆེན་ཧན (Tibetan, Tibetan script, Original)
- > gong ma se chen han (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongma sé chen hen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(忽必烈)རང་རྒྱལ་ཡོན་སོག་པོའི་རྒྱལ་རབས་ནས་བརྩིས་པའི་རྒྱལ་ཐོག་ལྔ་པ་དང་ཡོན་གོང་མའི་ཁྲི་ཐོག་དང་པོ་ཡིན་ཅིང༌། ཇིང་གེར་ཧན(成吉思汗)གྱི་སྲས་བཞི་པ་རུའི་ཙུང་ཐོ་ལོས(睿宗拖雷)ཀྱི་སྲས་བཞི་པ་ཡིན། རབ་བྱུང་བཞི་པའི་ཤིང་ཕག་(༡༢༡༥)ལོར་འཁྲུངས། ཡོན་ཤན་ཙུང་མོང་གོལ་ཧན་(蒙哥汗)གྱི་གཅུང་པོ་ཡིན། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ལྕགས་སྤྲེལ(༡༢༦༠)ལོ་ནས་རབ་བྱུང་ལྔ་པའི་ཤིང་རྟ(༡༢༩༤)བར་ཁྲི་ལོ་སུམ་ཅུ་སོ་ལྔ་བར་སྲིད་དབང་བཟུང༌། སྐུ་ན་གཞོན་དུས་གཅེན་པོ་ཤན་ཙུང་མོང་གོལ་ཧན་གྱིས་བཀའ་ཕབ་པ་ལྟར་མོ་ནན་རྒྱ་རིགས་ས་ཁུལ་གྱི་འགོ་འཛིན་གནང་ཞིང༌། དེའི་རིང་དམག་དཔུང་བཅའ་སྡོད་ཀྱིས་ཞིང་འདེབས་ལམ་ལུགས་གསར་གཏོད་དང༌། ཆུ་བེད་འཛུགས་སྐྲུན། དར་འབུ་གསོ་བ་སོགས་ཞིང་ལས་ཐོན་སྐྱེད་གོང་འཕེལ་བཏང༌། མོང་གོལ་ཧན་གྱི་ཁྲི་ལོ་གསུམ་པ་རབ་བྱུང་བཞི་པའི་ལྕགས་ཕག(༡༢༥༡)ལོར་དམག་དཔུང་གི་སྣེ་ཁྲིད་དེ་ཡུན་ནན་དུ་དམག་དྲངས་ནས་ལོ་རྗེས་མར་ཏ་ལིས་མངའ་འོག་ཏུ་བསྡུས། མོང་གོལ་ཧན་གྱི་ཁྲི་ལོ་དགུ་པ་རབ་བྱུང་བཞི་པའི་ས་ལུག(༡༢༥༩)ལོར་མོང་གོལ་ཧན་གཤེགས་ཤིང༌། དེའི་ཕྱི་ལོ་ལྕགས་སྤྲེལ(༡༢༦༠)ལོར་ཁའི་ཕིང(དེང་སང་ནང་སོག་རང་སྐྱོང་ལྗོངས་ཁོངས་ཀྲེང་ལན་ཆིས་ཀྱི་ཤར་རྒྱུད་ཧྲེན་ཏེན་གཙང་པོའི་འགྲམ་ཀྱི་ཧྲི་པད་སུམ)མཁར་དུ་རྒྱལ་པོའི་ཁྲིར་འཁོད་ཅིང་ཁྲི་ལོའི་མིང་ལ་ཀྲུང་ཐུང(中统)ཞེས་འབོད། ཁྲི་ལ་འཁོད་ནས་ཟླ་བ་གཅིག་མ་ལོན་ཙམ་ན་གཅུང་པོ་ཆུང་བ་ཨ་རི་བོ་ག་ལ་བློན་པོ་ཁག་གཅིག་གིས་རྒྱབ་སྐྱོར་བྱས་པའི་འོག་སྨན་རྩེའི་ཡུལ་ཏེ་རྒྱ་ཡིག་ནང་ཧེ་ལིན་ཞེས་འཁོད་པ(སྔར་ཡོན་ཐའི་ཙུང་ཡོ་གོ་ཐའི་ཁྲི་ལོ་བདུན་པ་ཤིང་ལུག་(༡༢༣༥)ལོར་རྒྱལ་ས་བཙུགས་པ་དེང་སང་མོང་གོལ་རྒྱལ་ཁབ་ཀྱི་ཁོངས་ཨེ་ཧུན་གཙང་པོའི་སྟོད་རྒྱུད་དུ་ཡོད་པའི་ཧར་ཧེ་ལིན་ཟེར་བ་དེ་ཡིན)དེར་རང་ཉིད་རྒྱལ་པོ་ཡིན་པའི་ཁྱབ་བསྒྲགས་བྱས་པར་བརྟེན། རྒྱལ་པོ་ཧུ་པེ་ལིས་དམག་དཔུང་ཁྲིད་དེ་ཨ་རི་བོ་གའི་ཕྱོགས་གཏོགས་དཔུང་སྡེ་དཔོན་རིགས་དང་བཅས་པ་ཆམ་ལ་ཕབ་སྟེ། རབ་བྱུང་བཞི་པའི་ཤིང་བྱི(༡༢༦༤)ལོར་རྒྱལ་པོ་ཨ་རི་བོ་ག་ཕྱོགས་གཞན་དུ་བྲོས་པ་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་འཛིན་བཟུང་གིས་སྲོག་ཐོག་བཏང་ཞིང༌། ཧུ་པེ་ལིར་ཡོངས་སུ་རྒྱལ་ཁ་ཐོབ་པར་དྲན་གསོའི་ཆེད་དུ་ཁྲི་ལོའི་མིང་ཀྲི་ཡོན(至元)ཞེས་པར་བསྒྱུར། རང་ཉིད་རྒྱལ་སྲས་ཀྱི་སྐབས་ནས་གུས་བཀུར་ཞུ་མུས་ཀྱི་འགྲོ་མགོན་འཕགས་པ་རིན་པོ་ཆེ་རྩ་བའི་བླ་མར་བསྟེན་ནས་སྔ་རྗེས་སུ་ཀྱེེེེེེེེེེེེེེེ་རྡོར་སོགས་གསང་སྔགས་་ཀྱི་དབང་ཐེངས་གསུམ་ཞུས་པའི་ཐེངས་དང་པོའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང༌། ཐེངས་གཉིས་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ། ཐེངས་གསུམ་པའི་དབང་ཡོན་དུ་རྒྱ་ཡི་མི་ཡུར་ཆེན་མོ་བཅས་ཕུལ། ཁྲི་ལོ་བརྒྱད་པ་རབ་བྱུང་ལྔ་པའི་མེ་ཡོས(༡༢༦༧)ལོར། པེ་ཅིན་གྲོང་ཁྱེར་འཛུགས་སྐྲུན་རྒྱ་སྐྱེད་ཐོག རྒྱལ་ས་ཧྲང་ཏུའུ་ནས་པེ་ཅིན་དུ་སྤོས་ཏེ་རྒྱལ་ཁབ་ཀྱི་མིང་ཡོན་ཞེས་པར་བསྒྱུར་ཞིང༌། སྐབས་དེའི་ལོ་རྒྱུས་ཡིག་ཆའི་ནང་ཏ་དབེན(大元)ཟེར། ཁྲི་ལོ་བཅུ་པ་རབ་བྱུང་ལྔ་པའི་ས་སྦྲུལ(༡༢༦༩)ལོར་དཔོན་ཆེན་དས་སྨན་བོད་དུ་མངགས་ཏེ་རྒྱལ་ས་པེ་ཅིན་ནས་ས་སྐྱའི་གདན་ས་བར་དམག་ཁྲལ་གཉིས་ཀྱི་འཇམ་ལམ་ས་ཚིགས་བཙུགས། སྐབས་དེར་སུང་ལྷོ་མའི་རྒྱལ་ཁབ་ཙམ་མ་གཏོགས་རྒྱལ་ཡོངས་ས་གནས་ཕལ་ཆེ་བ་མངའ་འོག་ཏུ་བསྡུས་ཟིན་པའི་དབང་གིས་ཀྲི་ཡོན་ཁྲི་ལོ་བརྒྱད་པ་རབ་བྱུང་ལྔ་པའི་ལྕགས་ལུག(༡༢༧༡)ལོར་གོང་མའི་མཚན་དངོས་སུ་ཐོགས་ཤིང་དེའི་གོང་དུ་རྒྱལ་པོའི་ཁྲིར་འཁོད་པའི་ལོ་བཅུ་གཅིག་ནི་སོག་ཡུལ་ཙམ་གྱི་རྒྱལ་པོ་ཡིན་པ་ལས་གོང་མ་མིན། ཀྲི་ཡོན་ཁྲི་ལོ་དགུ་པ་རབ་བྱུང་ལྔ་པའི་ཆུ་སྤྲེལ(༡༢༧༢)ལོར། བོད་ས་གནས་སུ་ཐུ་པོ་ཤོན་ཝུའི་སི་ཏུའུ་ཡོན་ཧྲོའི་ཧྥུ(吐蕃宣慰司都元帅府)ཟེར་བའི་སྲིད་འཛིན་ལས་ཁུངས་བཙུགས་ཏེ་ཡོན་རྒྱལ་རབས་ཀྱི་ཐད་ཀའི་འཛིན་སྐྱོང་མངའ་ཁོངས་སུ་གྱུར། དེ་བཞིན་ཐའི་དབན་དུ་ཡང་ཧྥེང་ཧྲའོ་སི་ཞེས་འབོད་པའི་སྲིད་འཛིན་དོ་དམ་ལས་ཁུངས་བཙུགས། མཐའ་མཚམས་ཁུལ་གྱི་མངའ་ཁོངས་སྒྲིག་གཞིར་ཤུགས་སྣོན་བྱུང༌། ཀྲི་ཡོན་ཁྲི་ལོ་བཅོ་ལྔ་པ་རབ་བྱུང་ལྔ་པའི་ས་ཡོས(༡༢༧༩)ལོར་ལྷོ་ཕྱོགས་ཁུལ་གྱི་སུང་ལྷོ་མའི(南宋)རྒྱལ་ཁབ་ལ་དམག་དྲངས་ནས་གཏོར། རྒྱལ་པོ་ཁྲི་ཐོག་བདུན་པ་ཀོང་རྡི་ཀྲའོ་ཞིའན་འཛིན་བཟུང་བྱས་ཏེ་ས་སྐྱ་བར་རྩིས་སྤྲད་པ་དེ་བོད་ཡིག་གི་ལོ་རྒྱུས་ཐོག་སྨན་རྩེ་ལྷ་བཙུན་ཞེས་འབོད་པ་དེ་ཡིན། འགྲོ་མགོན་འཕགས་པ་རིན་པོ་ཆེ་སྐུ་གཤེགས་རྗེས་ལྕགས་འབྲུག་(༡༢༨༠)ལོར་འགྲོ་མགོན་འཕགས་པ་རིན་པོ་ཆེའི་ཉེ་གནས་ཀྱིས་གོང་མ་སེ་ཆེན་ཧན་ལ་དཔོན་ཆེན་ཀུན་དགའ་བཟང་པོས་ནག་ཉེས་མང་པོ་བསགས་ཡོད་ཚུལ་གྱི་སྙན་ཞུ་ཕུལ་བར་བརྟེན་བོད་དུ་དམག་དཔུང་བཏང་ནས་དཔོན་ཆེན་ཀུན་དགའ་བཟང་པོ་ཁྲིམས་ཐོག་ཏུ་བསད། ཁྲི་ལོ་ཉི་ཤུ་རྩ་གཉིས་པ་ཤིང་བྱ(༡༢༨༥)ལོར་འབྲི་གུང་པས་བྱ་ཡུལ་དགོན་པ་གཏོར་ཞིང་སྟོད་ཧོར་གྱི་དམག་ཁྲིད་ནས་ས་སྐྱར་དམག་དྲངས་པ་བཅས་བྱས་པར་བརྟེན་རབ་བྱུང་ལྔ་པའི་ལྕགས་སྟག(༡༢༩༠)ལོར་རྒྱལ་སྲས་ཐི་མུར་ལྷོ་གས(铁穆耳别克)སྣེ་ཁྲིད་པའི་དམག་དཔུང་བོད་དུ་བཏང་ནས་ས་སྐྱ་བའི་དཔོན་ཆེན་ཨང་ལེན་གྱི་དམག་དཔུང་དང་མཉམ་འབྲེལ་ཐོག་འབྲི་གུང་པར་དམག་དྲངས་ཏེ་ལྷ་ཁང་ཆེན་མོ་མེ་ལ་བསྲེགས་ཤིང༌། གྲྭ་བཙུན་དང་མི་སེར་བསྡོམས་མི་གྲངས་ཁྲི་ལྷག་ཙམ་བསད་པ་བཅས་ཀྱི་དོན་རྐྱེན་བྱུང་ཞིང༌། དེ་ནས་བཟུང་དབུས་གཙང་གཉིས་ཀྱི་མང་ཚོགས་བར་འགལ་ཟླ་ཆེན་པོ་ཆགས་པའི་འགོ་ཚུགས། ཁྲི་ལོ་ཉི་ཤུ་རྩ་དགུ་པ་ཆུ་འབྲུག(༡༢༩༢)ལོར་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་པེ་ཅིན་དུ་གདན་དྲངས་ཤིང༌། གཙོ་བོར་ཚལ་པ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་སྦྱིན་བདག་གནང་བར་བརྟེན་ཚལ་གུང་ཐང་ལྷ་ཁང་ཆེན་མོའི་ནང་གོང་མ་སེ་ཆེན་ཧན་གྱི་འདྲ་སྐུ་དང༌། གསོལ་རས་གནང་བའི་རྟེན་གསུམ་དང་མཆོད་ཆ་ཐང་ཀ་སོགས་མང་པོ་ཡོད་ཅིང༌། ཁྲི་སྐོར་བཅུ་གསུམ་གྱི་ཁྲི་དཔོན་ནང་ནས་ཚལ་པ་ཁྲི་སྐོར་མཆོད་གཞིས་དང༌། མི་སེར། སྟོབས་འབྱོར་གང་ཅིའི་ཐད་ནས་སྟོབས་ཆེ་ཤོས་ཆགས་པའི་རྒྱུ་མཚན་ཡང་དེ་ཡིན། གོང་མ་འདིས་སྲིད་དབང་བཟུང་རིང་གི་མངའ་ཁོངས་ས་ཆ་ཡང༌། ནུབ་བྱང་ཕྱོགས་སུ་ཐོར་གོད(托尔哥特)ཀྱི་རྒྱབ་ན་ཡོད་པའི་ཁིན་ཆའམ་ཐེམ་ཐེམ་ཆིའི་ཞེས་བོད་དུ་དབྱར་ཉི་རིང་པོའི་སྐབས་ས་གནས་དེར་ཉི་མ་ཤིན་ཏུ་ཐུང་བར་གྲགས་པ་དེ་དང༌། ཤར་ཕྱོགས་ཀྱི་གླིང་ཕྲན་ཀའོ་ལི་དང༌། མན་ཇུ། རྒྱ་མཚོའི་གླིང༌། ཞིས་པན། ཧུ་པའ།སི་ཡན་ལོ་སོགས་དང༌། ནུབ་ངོས་རྒྱ་གར་གྱི་ཕྱེད་ཁ་ཆེའི་མཐའ་མཚམས་བར་དུ་ཁྱབ་པའི་དམག་དོན་བཀས་བཀོད་བརྒྱུད་འཛིན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར་བ་དང༌། རྒྱལ་ནང་དུ་མཁར་གྲོང་ལ་ཡང་ཧྥུ་རིམ་པའི་མཁར་བརྒྱ་དང་དྲུག་ཅུ་རེ་དགུ། ཀྲའུ་རིམ་པའི་མཁར་འབྲིང་བ་ཉིས་བརྒྱ་བཞི་བཅུ། ཤིན་རིམ་པའི་མཁར་ཆུང་བ་སུམ་བརྒྱ་དགུ་བཅུ་གོ་བརྒྱད། ཨུའི་རིམ་པའི་མཁར་ཆུང་བ་ཆིག་སྟོང་བརྒྱ་དང་དྲུག་ཅུ་རེ་ལྔ། ཕྱི་བློན་ཆེ་ཆུང་བསྡོམས་ཉིས་སྟོང་བདུན་བརྒྱ་སུམ་ཅུ། ནང་བློན་བརྒྱ་དང་ཉི་ཤུ་རྩ་གཅིག་བཅས་ཡོད་པར་བཤད། ཀྲི་ཡོན་ཁྲི་ལོ་སུམ་ཅུ་སོ་གཅིག་པ་རབ་བྱུང་ལྔ་པའི་མེ་སྤྲེལ(༡༢༩༦)ལོར་འདས(བོད་ཡིག་དང་རྒྱ་ཡིག་གི་ལོ་རྒྱུས་འགའ་ཞིག་ཏུ་ཀྲི་ཡོན་ཁྲི་ལོ་སུམ་ཅུ་པ་ཤིང་རྟ་(༡༢༩༤)ལོར་འདས་པར་བཤད་པ་ཡང་སྣང)བང་སོ་ནི་ནང་སོག་ཏུ་ཡོད་ཟེར་བ་དང་པེ་ཅིན་པེ་ཧེ་སྐྱེད་ཚལ་གྱི་མཆོད་རྟེན་ནང་དུ་ཡོད་ཟེར་བའི་བཤད་ཚུལ་མི་འདྲ་བ་འདུག གོང་མ་འདིའི་ལོ་རྒྱུས་གནད་བསྡུས<<ཀྲུང་གོའི་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྡུས>>ཀྱི་ཤོག་གྲངས༨༣༧ནས༨༣༩བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
སོག་རྒྱལ་ལྔ་པ་ཡོན་རྒྱལ་དང་པོ་ཡིན། རབ་བྱུང་བཞི་པའི་ཤིང་ཕག (༡༢༡༥) ལོར་འཁྲུངས། ཡོན་ཤན་ཙུང་མོང་གོལ་ཧན་གྱི་གཅུང་པོ་ཡིན། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ལྕགས་སྤྲེལ (༡༢༦༠) ལོ་ནས་རབ་བྱུང་ལྔ་པའི་ཤིང་རྟ (༡༢༩༤) བར་ཁྲི་ལོ་སུམ་ཅུ་སོ་ལྔ་བར་སྲིད་དབང་བཟུང་།
- language:
- Tibetan