Skip to main content Skip to search
gor rgyal
ID:
T226655
  • གོར་རྒྱལ (Tibetan, Tibetan script, Original)
    • > gor rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gor gyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གོར་ཥ་རྒྱལ་པོ་ཞེས་པའི་སྡུད་ཚིག་སྟེ། དུས་རབས་བཅུ་དྲུག་པའི་མཇུག་ནས་བཅོ་བརྒྱད་པའི་འགོ་བར་བལ་ཡུལ་གླིང་གསུམ(༡་ཀ་ཊ་མན་དུའམ་ཡམ་བུ། ༢་པར་ཏན། ༣་སྤག་གོན)ནི་རྒྱལ་ཁག་གསུམ་གྱིས་དབང་བསྒྱུར་བྱེད་མུས་སུ་ཡོད། སྐད་རིགས་ནི་ཧིན་རྡུའི་སྐད་ཁོངས་སུ་གཏོགས་པ་དང༌། གཙོ་བོར་ནང་པའི་ཆོས་ལ་དད་པ་བྱེད་མུས་དང༌། དེ་མིན་ཧིན་རྡུ་དང༌། བྲམ་ཟེའི་ཆོས་ལ་དད་པ་བྱེད་མཁན་ཡང་ཡོད་ཅིང༌། ཞིང་ལས་དང་རི་དྭགས་བརྔོན་པ་སོགས་བྱེད། རབ་བྱུང་དགུ་པའི་ས་ལུག(༡༥༥༩)ལོ་ནས་རྒྱ་གར་གྱི་རྒྱལ་བརྒྱུད་དུ་གྲགས་པ་ཞིག་གིས་བལ་ཡུལ་ནུབ་བརྒྱུད་ཀྱི་ཡུལ་སྡེ་བཙན་བཟུང་གིས་རྒྱལ་ཕྲན་ཞིག་བཙུགས་ཏེ་རིམ་བཞིན་སྟོབས་ཤུགས་ཆེ་རུ་སོང་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོར་པྲི་ཐི་ན་ར་ཡ་ནས་གོར་ཥའི་རྒྱལ་པོ་བྱས། རྒྱལ་ཁག་གསུམ་ཕན་ཚུན་ནང་འཁྲུག་བྱུང་ནས་སྟོབས་ཤུགས་ཉམས་རྒུད་དུ་སོང་བའི་གོ་སྐབས་དང་བསྟུན་ནས་ཕར་རྒོལ་བྱས་ཏེ་རབ་བྱུང་བཅུ་གསུམ་པའི་ས་བྱི(༡༧༦༨)ལོར་ཀ་ཊ་མན་དུ་མངའ་འོག་ཏུ་བསྡུས་ཤིང༌། དེ་རྗེས་སུ་པར་ཏན་ཡང་མངའ་འོག་ཏུ་བཅུག དེའི་ལོ་རྗེས་མར་སྤག་གོན་དབང་དུ་བསྡུས་ནས་རྒྱལ་ས་ཀ་ཊ་མན་དུ་ལ་སྤོས། མ་ལ་རྒྱལ་རབས་ཀྱི་ཚབ་ཏུ་གོར་ཥའི་སྲིད་དབང་བཙུགས། ཆབ་སྲིད་ཀྱི་སྒྲིགས་སྲོལ་གསར་པ་གཏན་ལ་ཕབ་ནས་ལག་ཤེས་བཟོ་ལས་གོང་འཕེལ། ཁྱིམ་མཚེས་རྒྱལ་ཁབ་དང༌། བོད་ས་གནས་སོགས་བར་ཕན་ཚུན་ཚོང་དོན་གྱི་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན། ཞིང་ཕྱུགས་ལས་རིགས་བདག་གཉེར་ལེགས་བཅོས། གཏེར་ཁ་སྔོག་འདོན་སོགས་དཔལ་འབྱོར་སྟོབས་ཤུགས་འཕེལ་རྒྱས་བཏང་བ་བཅས་བྱས་པར་བརྟེན། དམག་དོན་གྱི་སྟོབས་ཤུགས་ཀྱང་ཇེ་ཆེར་སོང་སྟེ། ཉེ་སྐོར་གྱི་རྒྱལ་ཕྲན་འགའ་ཞིག་མངའ་འོག་ཏུ་བསྡུས་ནས་མི་རིང་བར་འདས་ཤིང༌། དེའི་བུ་ཧ་ཁུ་ལ་ཐ་རྒྱལ་པོར་བསྐོས། དེས་ཀྱང་ཕའི་དུས་ལྟར་རྒྱ་བསྐྱེད་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་བལ་ཡུལ་ནུབ་ངོས་ཀྱི་རྒྱལ་ཕྲན་ཁག་ཅིག་མངའ་འོག་ཏུ་བཅུག་ཀྱང་འདོད་པ་མ་ཁེངས་པའི་ངང་ནས་ཡུན་རིང་མ་སོང་བར་འདས། དེ་རྗེས་དེའི་བུ་ཏཏྣ་སྦ་དུར་རྒྱལ་པོར་བསྐོས་ཀྱང་ལོ་ན་ཕྲ་བས(ལོ་བརྒྱད་ལས་སླེབས་མེད)ཨ་ཁུ་སྦ་དུར་ས་ཧེབ་ཀྱིས་སྲིད་དོན་བསྐྱངས་ཤིང༌། དེའི་རིང་བལ་ཡུལ་གྱིཤར་ངོས་རྡོ་རྗེ་གླིང༌། ནུབ་ཕྱོགས་ཀྱི་མར་ཞིང༌། བྱང་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཡུལ་སྡེ་མང་པོར་བཙན་འཛུལ་བྱས་མཐར་བོད་ས་གནས་ཀྱི་གཉའ་ལམ་དང༌། སྐྱིད་གྲོང༌། རོང་ཁུལ་བཅས་ལ་བཙན་འཛུལ་གྱི་དམག་འཁྲུག་བསླངས་ཡོད།

language:
Tibetan

2. Thupten Phuntsok Dictionary

གོ་ཥ་རྒྱལ་པོ་ཞེས་པའི་སྡུད་ཚིག་སྟེ། དུས་རབས་བཅུ་དྲུག་པའི་མཇུག་ནས་བཅོ་བརྒྱད་པའི་འགོ་བར་བལ་ཡུལ་གླིང་གསུམ (༡ ཀ་ཊ་མན་དུའམ་ཡམ་བུ། ༢ པར་ཏན། ༣ སྤག་གོན) ནི་རྒྱལ་ཁག་གསུམ་གྱིས་དབང་བསྒྱུར་བྱེད་མུས་སུ་ཡོད། སྐད་རིགས་ནི་ཧིན་རྡུའི་སྐད་ཁོངས་སུ་གཏོགས་པ་དང་། གཙོ་བོར་ནང་པའི་ཆོས་ལ་དད་པ་བྱེད་མུས་དང་། དེ་མིན་ཧིན་རྡུ་དང་། བྲམ་ཟེའི་ཆོས་ལ་དད་པ་བྱེད་མཁན་ཡང་ཡོད་ཅིང་། ཞིང་ལས་དང་རི་དྭགས་བརྔོན་པ་སོགས་བྱེད། རབ་བྱུང་དགུ་པའི་ས་ལུག (༡༥༥༩) ལོ་ནས་རྒྱ་གར་གྱི་རྒྱལ་བརྒྱུད་དུ་གྲགས་པ་ཞིག་གིས་བལ་ཡུལ་ནུས་བརྒྱུད་ཀྱི་ཡུལ་སྡེ་བཙན་བཟུང་གིས་རྒྱལ་ཕྲན་ཞིག་བཙུགས་ཏེ་རིམ་བཞིན་སྟོབས་ཤུགས་ཆེ་རུ་སོང་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ (༡༦༤༢) ལོར་པྲི་ཐི་ན་ར་ཡ་ནས་གོར་ཥའི་རྒྱལ་པོ་བྱས་པ་ཡིན་ནོ། །

language:
Tibetan