Skip to main content Skip to search
gra bzhi rtsis bsher
ID:
T226819
  • གྲ་བཞི་རྩིས་བཤེར (Tibetan, Tibetan script, Original)
    • > gra bzhi rtsis bsher (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dra shyi tsi sher (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཟླ༡ཚེས༢༣ཉིན་གྲ་བཞི་རྩིས་བཤེར་ཟེར་བ། དེ་ཉིན་སྔ་པོ་ནས་ཡ་སོར་གཉིས་དང༌། འདམ་སོག་ཡ་སོར་གཉིས་ན་བཟའ་གོ་ཤྲིའི་ཆས་གོས་ཁལ་ཁ་གཟུགས་དང༌། བྱིངས་རྒྱན་བཞི་སེར་པོ། མགྲོན་ཞབས་དང་ཆིབས་འཁྲིད་བཅས་ཀྱི་གྱོན་པ་རྒྱ་འདྲའམ་ཆོན་ཁྲ་སེར་པོ་གྱོན་ཐོག་དེ་བྱིངས་ཞྭ་ལྷམ་སོགས་སྔར་བཞིན་ཀླུ་སྦུག་སྒར་སྒྲིགས་ཀྱི་རྟ་པ་རྣམས་གྲ་བཞི་ཐང་དུ་མི་རྟ་གོ་མཚོན་བཅས་ཚང་འགྲིག་རྩིས་བཤེར་བྱ་སྲོལ་ཡོད། དེ་ཡང་ཞོགས་སྔ་པོ་ཞོལ་དམག་སྤྱི་ཁང་ནས་སྲུང་མ་དམར་ནག་གཉིས་ཀྱི་རྟེན་མདུང་གདན་ཞུར་སོག་པོ་ཡ་སོར་གཉིས་ཀྱི་གྱོན་བྱེད་ཁྲབ་རྨོག་འཁོར་བཅས་དང༌། སྣེ་འཁྲིད་ཡ་སོར་བྱིངས་གཉིས་བསྐྱོད་དགོས། རྟེན་མདུང་གདན་ཞུར་སོག་པོ་ཡ་སོར་གཉིས་ཀྱི་གྱོན་བྱེད་ཁྲབ་རྨོག་འཁོར་བཅས་དང་སྣེ་འཁྲིད་ཡ་སོར་བྱིངས་གཉིས་བསྐྱོད་དགོས། རྟེན་མདུང་གདན་ཞུ་གཉིས་ཀྱིས་རུ་སྣེ་འཁྲིད་དེ་རྟ་པ་རྣམས་རུ་གཉིས་གཤིབས་ཀྱི་གོ་རིམ་མ་འཆོལ་བར་མིང་མཚམས་སོ་སོར་བསྐྱོད་འཇུག་ཡ་སོར་ངོ་གཡོག་རྣམས་ཕེབས། གྲ་བཞི་རྩིས་ཐང་གུར་སར་གཡས་བསྐོར་གཅིག་བསྐྱོད་ཐོག རྟེན་མདུང་གཉིས་ཤར་ངོས་སུ་བཙུགས། གུར་རྒྱབ་ཏུ་ཡ་སོར་ངོ་ལས་དང་སོག་པོ་ཡ་སོར་རྟ་ལས་བབ་ཐོག་རྒྱབ་ཏུ་འུ་ཐུ་སུ་ཞེས་པའི་གྲི་རིང་ལིང་འདོགས་གནང༌། ཡ་སོར་གཉིས་མཉམ་གཤིབས་དལ་པོར་ཕེབས་ཏེ་བཀའ་བློན་རྣམས་ལ་ཞྭ་ཕུད་གནང༌། ཡ་སོར་གཉིས་བཀའ་ཤག་གི་གྲལ་མཚམས་གོས་གདན་ཉིས་བརྩེགས་ཐོག་འཁོད། ཡ་སོར་བྱིངས་དང་སོག་པོ་ཡ་སོར་བྱང་ངོས་གྲལ་རྒྱབ་མདུན་ཐོག་བསྡད། ཞོལ་གཉེར་དྲུང་ཚོས་གྲོ་ཕྱེ་ཕུད་གཏོར་ཞུས། གསོལ་ཇ་བཞེས་འབྲས་རིམ་བཞིན་བཏེགས་ཟིན་མཚམས་ཡ་སོར་བགྲེས་པ་བཞེངས་ཐོག་གཡས་རུའི་རུ་གཞུང་ས་དབང་ཁྲི་པའི་གསོལ་ཅོག་སྟེང་ཁ་དབྱེ་འབུལ་འཇོག་མཛད། ཕྱིར་བགྲོད་ཞབས་གོམ་ཁ་ཤས་ཤིག་བསྐྱོན་ནས་གདན་ཐོག་བཞུགས། སྐབས་དེར་གཡས་རུའི་རུ་སྣེ་འཁྲིད་མི་དང་རྟ་པ་རྣམས་བཏང་ཆོག་ཨང་གསར་བྱེད་དགོས། དེ་མཚམས་རྩིས་ཁང་ནསབཀོད་སྒྲིག་རྟ་སྐད་རྒྱག་མི་ཤོད་དྲུང་ཞབས་གསར་གཅིག་དང༌། རྩིས་ཕྲུག་སྲས་རྣམ་པ་གཅིག དཀྱུས་མ་གསུམ་གྲལ་འགྲིགས་ནས་བཞག རྟ་སྐད་རྒྱག་མི་དེ་ཚོས་རྟ་པ་འཁྲི་བའི་མི་ཚང་གི་མིང་དང་ཁ་གྲངས། མི་རྟ། གོ་ཁྲབ་སོགས་ཚང་རྩིས་ཞིབ་བཤེར་ངག་ལམ་ནས་བྱེད་སྲོལ་ལྟར། དྲུང་འཁོར་དེས་གཡས་རུ་དང་པོ་སྡེ་དཔོན་དགའ་བཞི་བ་གཟབ་འདོན་དང་བཅས་རྟ་པ་ཉི་ཤུ་ཐམ་པ་འགྲིགས་ལགས་ཞེས་དང༌། དེ་མཇུག་རྩིས་ཕྲུག་དང་པོས་རྟ་ཤེད་བཟང༌། མི་གོ་ཐང༌། རྟ་སྒ་སྒ་འཁོར་ཁ་གསར་ཆ་ཚང་དང་བཅས་འགྲིགས་ལགས་ཞེས་འབོད། གཉིས་པས་སོག་རྨོག་ཤུབས་ལྡན། འཇའ་ལའི་རྨ་མདོངས་མེ་ལོང་བཞི་ཐག་བཅས། བྱང་ཁེབས་དང་བཅས་འགྲིགས་ལགས། གསུམ་པས། གོ་ཆའི་ཨ་ཁྲབ། ཁ་ཤའི་ཤ་དོར། དཔའ་དམ་འུ་ཐུ་སུ་སྐམ་ཤུབས་ཁ་གསར། རྟ་མདུང་སོག་རྔ་དང་བཅས་འགྲིག་ལགས། བཞི་པས། སག་ཐག་མདའ་གཞུ་རྒྱུན་སྦྱར་མེ་མདའི་ཆ་ལག་ཆ་ཚང་དང་བཅས་འགྲིག་ལགས་ཟེར་བ་སོགས་དེ་ལྟར་རྟ་ཐོ་ཀློག་རིམ་བཞིན་རྟ་པ་རྣམས་ཞིབ་བཤེར་སྙན་སེང་བྱ་དགོས། གཡས་རུའི་རྟ་པ་རྣམས་ཞིབ་བཤེར་ཟིན་འཕྲལ་བཀའ་ཤག་གི་གཙོས་ཤོད་སྐོར་དཔོན་རིགས་ཚང་མར་གཞུང་ཕྱོགས་ནས་གསོལ་ཇ་དང་ཤ་འབྲས་གཏོང་སྲོལ་ཡོད། དགུང་ཚིགས་ཚར་རྗེས་ཡ་སོར་གཞོན་པས་གཡོན་རུའི་རུ་གཞུང་བཀའ་བློན་གཉིས་པའི་གསོལ་ལྕོག་སྟེང་གོང་བཞིན་འཇོག་འབུལ་ཞུས། རྟ་པ་རྣམས་ཀྱང་གོང་ལྟར་རྩིས་བཤེར་ཟིན་རྗེས་ཡ་སོར་གཉིས་ཀྱི་གཙོས་རྟ་དམག་རྣམས་ལ་རྩིས་ཁང་ལས་ཁུངས་ནས་ལེགས་དར་རེ་གཡོགས་པ་དང་དེ་རྣམས་ཀྱིས་ཕྱག་འབུལ་ཞུས། དགུང་ཚིགས་བར་གསེང་དུ་ཡ་སོར་ངོ་ལས་དང་སོག་པོ་ཡ་སོར་གཉིས་བཅས་ཀྱིས་སང་ཉིན་གཏོར་རྒྱག་ཉིན་ཇོ་བོ་དབུ་སྐྲའི་རྡོ་གཅལ་སྟེང་སྐུ་ཕྱག་ཕུལ་ཏེ་ཕྱིར་ལོག་ཕེབས་སྟངས་སྐོར་ནང་སྦྱོངས་ཀྱི་ཆེད་རྩེ་ཕོ་བྲང་ལ་ཞལ་གཟིགས་དེ་ཕྱག་འཚལ། རྩིས་བཤེར་མཛད་སྒོ་གྲུབ་འཕྲལ་ར་ཆེ་མདུན་དང༌། རྗེ་འབུམ་སྒང་བརྒྱུད་ཀླུ་སྦུག་སྒར་སར་ཕྱིར་ལོག དེ་ཉིན་ལྷ་ས་བ་དང༌། ཕྱོགས་མཐའི་མི་སྣ་གཟབ་མཆོར་ཟ་ཆས་ཁྱེར་ཏེ་ལྟད་མོར་བསྐྱོད་མཁན་མི་ཉུང་བ་ཞིག་ཡོད།

language:
Tibetan

2. Thupten Phuntsok Dictionary

བོད་ཟླ་༡་ཚེས་༢༣་ཉིན་གྲ་བཞི་རྩིས་བཤེར་ཟེར་བ།

language:
Tibetan