Skip to main content Skip to search
grub chen sangs rgyas dpal
ID:
T226957
  • གྲུབ་ཆེན་སངས་རྒྱས་དཔལ (Tibetan, Tibetan script, Original)
    • > grub chen sangs rgyas dpal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drubchen sangye pal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་རབ་བྱུང་དྲུག་པའི་ས་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ་༡༣༣༩ལོར་ལ་སྟོད་བྱང་གི་ཕྱོགས་མདོག་གི་དགོན་པ་སྒོ་ཕུ་ཞེས་བྱ་བར་ཡབ་གུ་ཤྲཱི་དཔལ་འབྱོར་ལེགས་པ་དང་ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་བླ་མ་ཤཱཀྱ་བཟང་པོ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་སངས་རྒྱས་དཔལ་དུ་གསོལ། སྤྱོད་འཇུག་ལ་ཁ་དོན་བྱེད་པའི་མ་མ་ཞིག་དང་ལྷན་ཅིག་ཏུ་བཞུགས་པས་གཞུང་དོན་ཐུགས་སུ་ཆུད། དགུང་ལོ་ཉེར་གསུམ་པར་གནས་ལྔ་རིག་པའི་པཎྜིཏ་ཆེན་པོ་ཆོས་རྗེ་ས་བཟང་པས་མཁན་པོ་མཛད་དེ། དཔལ་བཟང་ལྡན་གྱི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དུས་གཅིག་ཏུ་བསྒྲུབས་ཏེ། མཚན་བུདྡྷཱ་ཤྲཱི་ཞེས་གསོལ། དེ་ནས་མཁན་ཆེན་ཤེས་རབ་རྒྱ་མཚོ་ལས་ཕར་ཕྱིན་དང་མངོན་པ་ཀུན་བཏུས་ལ་སོགས་པ་སྔ་ཕྱིར་ཆོས་མང་དུ་གསན། མཁན་ཆེན་མགོན་རྒྱལ་པ་ལས་རྣམ་འགྲེལ་དང་། དཔལ་ལྡན་ས་སྐྱར་རྟོག་གེ་བ་དཔལ་ལྡན་བཟང་པོ་ཤངས་པ་བློ་མཆོག་ལས་རྣམ་འགྲེལ་གྱི་སློབ་གཉེར་མཛད་པ་ཉི་ཐོག་གི་ལས་ཚབ་དང་འཆད་ཉན་ལ་སོགས་པ་དགུང་ལོ་སུམ་ཅུ་སོ་གཅིག་གི་བར་དུ་མཛད། རྒྱལ་བའི་རྒྱལ་ཚབ་དཔལ་ལྡན་ཚུལ་ཁྲིམས་ལས། གསུང་ངག་རིན་པོ་ཆེ། རིམ་ལྔ། སྦྱོར་དྲུག་གསུམ་གྱི་མན་ངག་རྒྱས་པ་དང་། ཚད་མ་རྣམ་འགྲེལ། དུས་འཁོར་རྒྱལ་སྲས་ལམ་བཟང་བཅས་གསན་པར་མ་ཟད། དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་ནས་གསུང་ངག་རིན་པོ་ཆེའི་ཁྲིད་གཞུང་བཤད་ལ་སོགས་པ་རྫོགས་པར་གསན་ཅིང་། མདོར་ན་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ཉིད་ཀྱིས། གསུང་ངག་རིན་པོ་ཆེ་དང་འབྲེལ་བའི་དབང་དང་། བཤད་པ། ཁྲིད། གེགས་སེལ། མན་ངག་ཕྲ་མོ་ཚུན་ཆད་ཀྱི་བར་ཡོངས་སུ་རྫོགས་པར་ཞུས་པས་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ་སྙན་བརྒྱུད་བཞིའི་བྱིན་གྱིས་བརླབས་ཤིང་གདམས་པས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་བྱེད་དཔེའི་ཚུལ་དུ་ཐུགས་རྒྱུད་ལ་འཁྲུངས་སོ། །གཞན་ཡང་སྡུག་བསྔལ་གྱིས་གཟིར་བ་སེམས་ཅན་རྣམས་ལ་ཕན་པ་ཁོ་ན་སྒྲུབ་པར་མཛད་དེ། ཡུལ་གཞན་ཐག་རིང་གི་ནད་དང་སྡུག་བསྔལ་གྱིས་ཉེན་པ་གསན་ནས། དེ་ལ་དམིགས་ཏེ་བདག་གཞན་མཉམ་བརྗེ་དང་། འགྲོ་བ་མང་པོ་ལ་ཟང་ཟིང་གི་སྦྱིན་པའི་སྒོ་ནས་ཕན་པ་མཛད་ཅིང་། དེ་དག་གི་བར་སྐབས་རྣམས་སུ་མན་ངག་ཟབ་མོ་ཡི་གེར་བཀོད་པ་ཡང་། འགྲོ་མགོན་ཆོས་ཀྱི་རྗེ་ལ་གསོལ་བ་གདབ་པ། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ལ་གསོལ་བ་གདབ་པ། མཁན་ཆེན་ཤེས་རབ་རྒྱ་མཚོ་བའི་གདུང་མཆོད་དུས་ཀྱི་གསོལ་འདེབས། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ཀྱི་རྣམ་ཐར། གསུང་ངག་རིན་པོ་ཆེའི་ཁྲིད་ཡིག་ལམ་འབྲས་གཞུང་བཤད་དང་གེགས་སེལ་གྱི་ཟིན་བྲིས། འཆི་ལྟས་བརྟག་པའི་གདམས་ངག་ཚིགས་བཅད་མ། གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་ཞལ་ཤེས། ཕྲིན་ལས་སོ་གཉིས་སྡོམ་ཚིག སྦྱོར་དྲུག་གི་ཁྲིད་ཡིག་སྲོན་ལུགས་ཀྱི་རླུང་སྦྱོར་སོགས་ཀྱི་ཟིན་བྲིས། དབང་རྒྱལ་ལུགས་ཀྱི་སྦྱོར་དྲུག་གི་ཞལ་ཤེས་ཡི་གེར་བཀོད་པ། ཁྲིད་ཞུ་སྤྱི་ལ་གདམས་པ། ཚེ་སྒྲུབ་ཀྱི་མན་ངག དབུ་མའི་གཞི་ལམ་འབྲས་གསུམ་རྣམས་རྗེས་འཇུག་གདུལ་བྱའི་གསོས་སུ་བཞག་ཅིང་། མཐར་དགུང་གྲངས་གྱ་གཉིས་པ་བོད་རབ་བྱུང་བདུན་པའི་ལྕགས་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ༡༤༢༠ལོར་ཐུགས་དམ་དང་དག་པའི་སྣང་བ་ཁོ་ནས་དུས་འདའ་བའི་ངང་ནས། འདའ་ཀ་མའི་ཉམས་ལེན་ཁྱད་པར་ཅན་དང་བཅས་ཏེ་གཟུགས་སྐུའི་ཆོས་དབྱིངས་སུ་གཤེགས།

language:
Tibetan