Skip to main content Skip to search
glang thang pa rdo rje seng ge
ID:
T227102
  • གླང་ཐང་པ་རྡོ་རྗེ་སེང་གེ (Tibetan, Tibetan script, Original)
    • > glang thang pa rdo rje seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
    • > langtang pa dorjé sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དགེ་བཤེས་གླང་རི་ཐང་པ་ནི་འཕན་ཡུལ་གཉན་གོང(གསུམ་འཕྲེང་ཤང)གསེར་མ་གཤོངས་སུ་ཡབ་ཇོ་བོ་དར་མ་མདོ་བཟང་གི་སྲས་སུ་རབ་བྱུང་དང་པོའི་ཤིང་རྟ(༡༠༥༤)ལོ་སྐུ་འཁྲུངས། རུས་ཤུགས་ཚང༌། ཁོང་རང་གི་ཞང་པོ་བཤེས་གཉེན་གྲོགས་མོ་མཁར་ལས་རབ་ཏུ་བྱུང༌། མཚན་རྡོ་རྗེ་སེང་གེ་བཏགས། དང་པོར་འཚོ་བ་དཀའ་ཐུབ་ལ་གནས་ནས་སྡེ་སྣོད་གསུམ་ལ་སྦྱངས་ཤིང༌། སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པའི་མན་ངག་བྱང་ཆུབ་ལམ་རིམ་ལ་ཚིག་སྒྲིལ་དུ་མཛད་ནས་བཀའ་གདམས་སྐུ་མཆེད་གསུམ་ག་ལ་གཏུགས་ཤིང་གཙོ་བོ་ནི་དགེ་བཤེས་པོ་ཏོ་བ་ལ་བཀའ་གདམས་གཞུང་དྲུག་གི་བཤད་པ་དང༌། ལྐོག་ཆོས་སུ་བདག་པས་གཞན་གཅེས་ཀྱི་བྱང་སེམས་སྒོམ་པའི་མན་ངག་རྣམས་མཐིལ་ཕྱིན་གསན། པོ་ཏོ་བ་གཤེགས་རྗེས་གླང་ཐང་གི་ཤར་གྱི་རི་དེའུ་དེའི་ཁར་བྱོན། དཔོན་ཤཱཀྱ་བས་ཞབས་ཏོག་བྱས་ནས་ལོ་གསུམ་སྒྲུབ་པ་མཛད། གླང་ཐང་དགོན་བཏབ། བཀའ་གདམས་གཞུང་དྲུག་སོགས་གསུངས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བསྙེན་རྫོགས་ཀྱི་མཁན་པོ་མཛད། གླང་ཐང་པས་རྟག་ཏུ་འཁོར་བའི་ཉེས་དམིགས་དང༌། བྱང་ཆུབ་ཀྱི་སེམས་ཁོ་ན་སྒོམ་པར་མཛད་སྟབས་རབ་ཏུ་བྱུང་བ་ནས་ཞལ་འཛུམ་པ་ལན་གསུམ་ལས་མ་བྱུང༌། ལན་ཅིག་གླང་ཐང་པ་ཆོས་གསུང་པར་བུད་མེད་གཅིག་གིས་བུ་ཆུང་སྐྱེས་མ་ཐག་གཅིག་ཁྱེད་རང་གི་བུ་ཡིན་ཟེར་ནས་བསྐྱལ་བར་ཁྲོ་བོའི་ཞལ་ངོ་འགྱུར་བ་ཙམ་མེད་པར་འོ་འདུ་བསྩལ་ནས་གསོ་བར་མཛད། བུ་ཆེར་ལོང་དུས་ཕ་དེས་ཁོའི་བུ་སྔོན་མ་རྣམས་མ་སོན་པའི་རྒྱུ་མཚན་བཅས་བཟོད་གསོལ་གྱིས་བུ་ཁྲིད་པ་ཕྱིར་གནང༌། རྟག་ཏུ་བྱང་ཆུབ་ཀྱི་སེམས་སྒོམ་པར་མཛད་པའི་ཕན་པའི་ལོ་རྒྱུས་ཡང་མང༌། ཁོང་གི་གསུང་བློ་སྦྱོང་ཚིག་བརྒྱད་མ་ལས། བདག་ནི་སེམས་ཅན་ཐམས་ཅད་ལ། ། ཡིད་བཞིན་ནོར་བུ་ལས་ལྷག་པའི། ། དོན་མཆོག་སྐྲུབ་པའི་བསམ་པ་ཡིས། ། རྟག་ཏུ་གཅེས་པར་འཛིན་པར་ཤོག ། ཅེས་སོགས་གསུངས་པ་ནི་རྗེས་འཇུག་རྣམས་ནས་རང་སེམས་འདུལ་བའི་གསུངས་ཚིག་གཙོ་བོར་རྩི་བ་ཡིན། གླང་ཐང་པ་དང༌། ཤ་ར་བ་གཉིས་ལ་གླང་ཤར་གཉིས་ཞེས་བཀའ་གདམས་པའི་དགེ་བཤེས་གྲགས་ཆེ་བ་ཞིག་ཡིན། རབ་བྱུང་གཉིས་པའི་ཆུ་བྱ(༡༠༩༣)ལོར་འཕན་པོ་ལྷུན་གྲུབ་ཁུལ་དུ་གླང་ཐང་དགོན་པ་བཏབ། ཁོང་ལ་ཡར་ལུང་ལྕགས་ཞིང་པ་དང༌། བ་ཡགས་ཀྱི་འདུལ་འཛིན། ལུང་མོ་བ་མདོ་སྡེ། ཞང་བཙུན་ཉན། འགར་ཞང་ཞུང་པ། མ་ཐང་པ། ཉེ་མལ་བ། ཤ་བོ་སྦང་པ་པདྨ་བྱང་ཆུབ་སོགས་སློབ་མ་མང་དུ་བྱུང༌། དགུང་གྲངས་བདུན་ཅུ་བཞེས་པ་༌རབ་བྱུང་གཉིས་པའི་ཆུ་ཡོས(༡༡༢༣)ལོ་སྐུ་གཤེགས། གདུང་ཞུགས་འབུལ་གྱིས་གདུང་རྟེན་ས་འབུམ་གླང་ཐང་༌དགོན་དུ་བཞུགས་སོ། །

language:
Tibetan

2. Thupten Phuntsok Dictionary

དགེ་བཤེས་གླང་རི་ཐང་པ་ནི་འཕན་ཡུལ་གཉན་གོང (གསུམ་འཕྲེང་ཤང) གསེར་མ་གཤོངས་སུ་ཡབ་ཐོ་བོ་དར་མ་མདོ་བཟང་གི་སྲས་སུ་རབ་བྱུང་དང་པོའི་ཤིང་རྟ (༡༠༥༤) ལོ་སྐུ་འཁྲུངས། རུས་ཤུགས་ཚང་། ཁོང་རང་གི་ཞང་པོ་བཤེས་གཉེན་གྲོགས་མོ་མཁར་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་སེང་གེ་བཏགས། དང་པོར་འཚོ་བ་དཀའ་ཐུབ་ལ་གནས་ནས་སྡེ་སྣོད་གསུམ་ལ་སྦྱོངས་ཤིང་། སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པའི་མན་ངག་བྱང་ཆུབ་ལམ་རིམ་ལ་ཆིག་སྒྲིལ་དུ་མཛད་ནས་བཀའ་གདམས་སྐུ་མཆེད་གསུམ་ག་ལ་གཏུགས་ཤིང་གཙོ་བོ་ནི་དགེ་བཤེས་པོ་ཏོ་བ་ལ་བཀའ་གདམས་གཞུང་དྲུག་གི་བཤད་པ་དང་། རབ་བྱུང་གཉིས་པའི་ཆུ་བྱ (༡༠༩༣) ལོར་འཕན་པོ་ལྷུན་གྲུབ་ཁུལ་དུ་གླང་ཐང་དགོན་པ་བཏབ། དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་གཉིས་པའི་ཆུ་ཡོས (༡༡༢༣) ལོ་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1054 ལོར་དབུར་སྟོད་དུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 1123 ལོར་སྐུ་གཤེགས། ཁོང་གྲོག་མོ་མཁར་པ་ལས་རབ་ཏུ་བྱུང་། མཚན་ལ་རྡོ་རྗེ་སེང་གེ་ཞེས་གསོལ། དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་ལས་སྡེ་སྣོད་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་གསན་ཏེ། བཀའ་གདམས་བློ་སྦྱོང་གི་མན་ངག་དམིགས་པའི་ས་བཅད་བརྒྱད་དུ་མཛད་པ་ལ་བློ་སྦྱོང་ཚིགས་བརྒྱད་མར་གྲགས་པ་དེ་ཚོགས་ཆོས་སུ་མཛད། སློབ་མ་ཉིས་སྟོང་ཙམ་འདུས། ཁོང་གིས་རབ་བྱུང་གཉིས་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ 1093 ལོར་འཕན་པོར་གླང་ཐང་དགོན་པ་གསར་འདེབས་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཡར་ཀླུངས་ལྕགས་ཞིང་པ། བ་ཡགས་ཀྱི་འདུལ་འཛིན། ལུང་མོ་བ་མདོ་སྡེ། ཞང་བཙུན་གཉན། འགར་ཞང་ཞུང་པ། མ་ཐང་པ་བཅས་ཡིན།།

language:
Tibetan