Skip to main content Skip to search
gling bcu gsum
ID:
T227138
  • གླིང་བཅུ་གསུམ (Tibetan, Tibetan script, Original)
    • > gling bcu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ling chusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ཡང<<མི་དབང་རྟོགས་བརྗོད>>ལྕགས་དཔར་མའི་ཤོག་གྲངས༣༩༡ནང་ཡུལ་དབུས་དང་གཙང་གི་ལྗོངས་སུ་གླིང་བཅུ་གསུམ་དུ་གྲགས་པའི་བཤད་སྒྲུབ་ཀྱི་འདུས་སྡེ་གསར་དུ་བཙུགས་པ་ཞེས་པ་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ས་གནས་སྲིད་གཞུང་བཙུགས་པའི་རྗེས་སུ་དབུས་གཙང་ཁུལ་དུ་དགེ་ལུགས་དང་རྙིང་མའི་དགོན་པ་བསྡོམས་ནས་བཅུ་གསུམ་གསར་དུ་བཏབ་པ་དེ་ལ་ཟེར་འིང༌། དེ་ཡང༌། ༡་ས་གནས་སྲིད་གཞུང་བཙུགས་ནས་ལོ་ངོ་བཞི་པ་རབ་བྱུང་བཅུ་གཅིག་པའི་ཤིང་བྱ(༡༦༤༥)ལོར་གསར་འཛུགས་བྱས་པ་གཙང་སྨད་གཡས་རུའི་ཤངས་ཁུལ་དགའ་ལྡན་ཆོས་འཁོར། (ཤངས་དགའ་ལྡན་ཆོས་འཁོར། དགེ་ལུགས། མཚན་ཉིད་གྲྭ་ཚང)༢་དེ་ནས་ལོ་ངོ་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་ཕག(༡༦༤༧)ལོར་ལྷ་སའི་ཉེ་འདབས་བྲག་ཡེར་པར་དགའ་ལྡན་གསང་སྔགས་ཡང་རྩེ། (བྲག་ཡེར་པ། དགེ་ལུགས། སྔགས་པ་གྲྭ་ཚང)༣་ལོ་དེའི་རྗེས་མར་ཆུ་ཤུལ་ལྷུན་པོ་རྩེའི་རྫོང་འོག་སྒྱུག་ལར་དགའ་ལྡན་ཆོས་འཁོར་ཡང་རྩེ། (ཆོས་འཁོར་ཡང་རྩེ། དགེ་ལུགས། མཚན་ཉིད་གྲྭ་ཚང)༤་ལོ་དེ་ཁའི་ནང་ལྷོ་ཁ་དོལ་ཁུལ་དུ་དགའ་ལྡན་གསུང་རབ་གླིང༌། (དོལ་གསུང་རབ་གླིང༌། དགེ་ལུགས། མཚན་ཉིད་དང་སྔགས་ཟུང་འབྲེལ)༥་ལོ་དེའི་རྗེས་མ་ལ་གཙང་ཁུལ་རུ་ལག་གི་ཆར་གཏོགས་རྣམ་རྒྱལ་ལྷ་རྩེར་དགའ་ལྡན་འོག་སྨིན་གླིང༌། (ལྷ་རྩེ་འོག་སྨིན་གླིང༌། དགེ་ལུགས། མཚན་ཉིད་གཙོ་བོ་དང་ཞར་བྱུང་དུ་སྔགས་ཆོག)༦་ལོ་དེ་གའི་ནང་ལྷོ་བྲག་དོ་བོ་རྫོང་ཁུལ་དགའ་ལྡན་དོན་གཉིས་གླིང༌། (ལྷོ་བྲག་དོན་གཉིས་གླིང༌། དགེ་ལུགས། མཚན་ཉིད་གྲྭ་ཚང)༧་དེ་ནས་ལོ་ངོ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས(༡༦༥༡)ལོར་ལྷོ་ཁ་ཡར་ལུང་གི་སྟོད་ཤམ་པོ་གང་ཉེ་འདབས་སུ་དགའ་ལྡན་ཐོས་བསམ་དར་རྒྱས་གླིང༌། (ཡར་སྟོད་ཐོས་བསམ་དར་རྒྱས་གླིང༌། དགེ་ལུགས། མཚན་ཉིད་དང་སྔགས་ཆོག་ཟུང་འབྲེལ)༨་ལོ་དེ་གའི་ནང་མངའ་རིས་ཁྱུང་རྫོང་དཀར་པོར་དགའ་ལྡན་འཕེལ་རྒྱས་གླིང༌། (ས་དགའ་འཕེལ་རྒྱས་གླིང༌། དགེ་ལུགས། སྔགས་པ་གྲྭ་ཚང)༩་ལོ་དེ་གའི་ནང་སྔར་ཆུ་ཤུལ་ཁུལ་དུ་རྙིང་ལུགས་ཀྱི་སྔགས་པ་གྲྭ་ཚང་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པ་དེ་ཉིད་རྗེས་སུ་ཏཱ་ལའི་བླ་མ་མེས་རྒྱལ་ནང་སར་ཕེབས་སྐབས་སྐུ་ཞབས་གྲྭ་ཚང་དུ་བསྒྱུར(དེ་ནས་བཟུང་ལོ་མང་པོའི་རིང་རྩེ་པོ་ཏ་ལར་གཏན་འཇགས་ཐོག་རྙིང་ལུགས་ཀྱི་ཆོ་ག་རྣམས་བྱེད་མུས་ལ་སོག་པོ་ཇུན་གར་གྱི་དམག་བོད་དུ་ཡོང་སྐབས་རྩེའི་རྣམ་རྒྱལ་གྲྭ་ཚང་དང༌། སྨིན་གྲོལ་གླིང་སོགས་རྙིང་མའི་དགོན་པ་ཕལ་ཆེ་བ་གཏོར་ཞིང༌། རྗེས་སུ་སླར་ཡང་ལོ་ཤས་བར་བསྐྱར་དུ་ཚུགས། དེ་ནས་ལོ་འགའ་ཤས་སོང་བ་གོང་མ་ཡུང་ཏིང་ཁྲི་ལོ་དང་པོ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས(༡༧༢༣)ལོར་ཕོ་ལྷ་ཐའི་ཇིས་སྔར་ཡོད་གྲྭ་པ་རྣམས་རྩེད་ཐང་ཨོ་རྒྱན༌གླིང་དུ་སྤོས། རྒྱུད་སྨད་པ་ནས་གྲྭ་པ་མང་པོ་བསྡུས་ཏེ་དགེ་ལུགས་ཀྱི་གྲྭ་ཚང་དུ་བསྒྱུར་ཐོག་མིང་སྔར་གྱི་དེ་རང་འཇགས་སུ་བཏགས་པ་ཡིན་ཞིང་ཡོངས་གྲགས་སུ་རྣམ་རྒྱལ་གྲྭ་ཚང་ཟེར)བ་དེའི་ཚབ་ཏུ་གོང་གསལ་ལྕགས་ཡོས་ལོར་གསར་དུ་ཚུགས་པ་གསང་སྔགས་བྱང་ཆུབ་གླིང༌། (བྱང་ཆུབ་གླིང༌། རྙིང་མ། སྔགས་པ་གྲྭ་ཚང)༡༠་དེ་ནས་ལོ་བཞི་སོང་བ་རབ་བྱུང་བཅུ་གཅིག་པའི་ཤིང་རྟ(༡༦༥༤)ལོར་ལྷ་སའི་སྨད་རྒྱུད་ཕོ་བྲང་གོང་རི་དཀར་པོའི་(ད་ལྟའི་ལྷོ་ཁ་གོང་དཀར)ཉེ་འདབས་ཐོད་པ་རིར་དགའ་ལྡན་བཤད་སྒྲུབ་གླིང༌། (གོང་དཀར་བཤད་སྒྲུབ་གླིང༌། དགེ་ལུགས། མཚན་ཉིད་དང་སྔགས་ཆོག་ཟུང་འབྲེལ)༡༡་དེ་ནས་ལོ་ངོ་བཅུ་དྲུག་པ་རབ་བྱུང་བཅུ་གཅིག་པའི་ས་བྱི་(༡༦༦༩)ལོར་གཙང་གཡས་རུའི་ཆ་ཉུག་ཏུ་དགའ་ལྡན་ཆོས་འཁོར་གླིང༌། (ཉུག་དགའ་ལྡན་ཆོས་འཁོར་གླིང༌། དགེ་ལུགས། མཚན་ཉིད་དང་སྔགས་ཆོག་ཟུང་འབྲེལ)༡༢་དེ་ནས་ལོ་ངོ་བཅུ་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་ལུག(༡༦༧༩)ལོར་གཙང་སྨད་ཁུལ་དུ་ཕུང་པོ་རི་བོ་ཆེར། གུད་དཔུད་ཟིལ་གནོན་གླིང༌། (ཕུང་པོ་རི་བོ་ཆེ། རྙིང་ལུགས། སྔགས་པ་གྲྭ་ཚང)༡༣་དེ་ནས་ལོ་ངོ་བཞི་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི(༡༦༨༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གཤེགས་པའི་ལོ་དེར་ལྷོ་བྲག་ཁུལ་མཆར་ཆུར་དགའ་ལྡན་འདུད་འཇོམས་གླིང༌། (རྙིང་ལུགས། སྔགས་པ་གྲྭ་ཚང)བཅས་རྣམས་དང་ད་དུང་བཀའ་བརྒྱུད་པའི་དགོན་པ་འགའ་ཞིག་གིས་ངོ་ལོག་བྱས་པ་མིང་མེད་དུ་སོང་བའི་ཚབ་དགེ་ལུགས་པའི་དགོན་པ་གསར་དུ་ཚུགས་པ་དང༌། འགའ་ཞིག་གྲུབ་མཐའ་བསྒྱུར་པ་སོགས་དབུས་གཙང་ཁམས་བཅས་སུ་བསྡོམས་པའི་ཉི་ཤུ་རྩ་དྲུག་ཙམ་ཡོད་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི<<དགའ་ལྡན་ཆོས་འབྱུང་བེརྟུརུ་སེར་པོ>>ཤོག་གྲངས༣༡༨ནས༣༢༦བར་ཡོད་པས་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

ཡུལ་དབུས་དང་གཙང་གི་ལྗོངས་སུ་གླིང་བཅུ་གསུམ་དུ་གྲགས་པའི་བཤད་སྒྲུབ་ཀྱི་འདུས་སྡེ་གསར་དུ་བཙུགས་པ་ཞེས་པ་དེ་ནི་རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་ས་གནས་སྲིད་གཞུང་བཙུགས་པའི་རྗེས་སུ་དབུས་གཙང་ཁུལ་དུ་དགེ་ལུགས་དང་རྙིང་མའི་དགོན་པ་བསྡོམས་ནས་བཅུ་གསུམ་གསར་དུ་བཏབ་པ་དེ་ལ་ཟེར།

language:
Tibetan