Skip to main content Skip to search
dga' ldan tshe dbang
ID:
T227312
  • དགའ་ལྡན་ཚེ་དབང (Tibetan, Tibetan script, Original)
    • > dga' ldan tshe dbang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ganden tsewang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱལ་པོ་དགའ་ལྡན་ཚེ་དབང་དཔལ་བཟང་ནི་གོ་ཤི་བསྟན་འཛིན་ཆོས་རྒྱལ་གྱི་བུ་དྲུག་པ་རྡོ་རྗེ་ད་ལའི་ཧུང་ཐའི་ཇིའི་བུ་ཡིན་པ་དང༌། ཁོང་ནི་རབ་བྱུང་བཅུ་གཅིག་པའི་དུས་བོད་དུ་སླེབས་ནས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་སྒྲིགས་ཞུགས་མཛད་རྗེས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རབ་བྱུང་གི་སྡོམ་པ་ཞུས་ཏེ་དུས་དེ་ནས་བཟུང་བཤད་སྒྲུབ་ཀྱི་བྱ་བར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་ཆོས་སྡེ་ཆེན་པོའི་བཀའ་བཅུ་རབ་འབྱམས་པའི་མཚན་ཐོབ་པ་དང༌། དེ་རྗེས་བཀྲས་ལྷུན་དགོན་པའི་ཆོས་ཁྲིམས་ཀྱི་བྱེད་པོ་དགེ་བསྐོས་ལས་འཁུར་སྐབས་དགོན་པའི་ནང་འདུལ་ཁྲིམས་དང༌། བཤད་སྐྲུབ་འཆད་ཉན་དགེ་འདུན་གཏོང་སྒོ་སོགས་རྗེ་གོང་མ་བློ་བཟང་ཆོས་རྒྱན་ཞལ་བཞུགས་སྐབས་ལྟར་མི་ཉམས་པར་གནས་པའི་ཐབས་ཚུལ་ལྷུར་བཞེད་པ་དང༌། ལྷག་པར་གཞིས་རྩེའི་ཁྲོམ་གཞུང་དུའང་བཀའ་ཁྲིམས་དམ་པོས་ནོན་པར་མཛད་པའི་ཁྲིམས་ཤིང་འཛུགས་པ་སོགས་ཆོས་སྲིད་གང་གི་ཐད་ནས་ཁྲིམས་སྲོལ་དམ་པོར་བསྐྱངས་ཤིང་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་ཞབས་འདེགས་ཀྱི་བྱ་བར་དུས་རྟག་ཏུ་བརྩོན་པར་མཛད། རབ་བྱུང་བཅུ་གཅིག་པའི་ས་རྟ་ལོ་ལ་དྭགས་རྒྱལ་པོས་ཡུལ(ལ་དྭགས་ཀྱི་རྒྱལ་པོ་སེང་གེ་རྣམ་རྒྱལ་ནས་བཟུང་ལ་དྭགས་ཀྱི་ལོ་རྒྱུས་ཡིག་ཆ་འགའ་ཞིག་ཏུ་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གྱི་སྐབས་ཡིན་པར་བཤད)གཞན་གྱི་དཔལ་འབྱོར་ལ་མི་བཟོད་པའི་ཕྲག་དོག་དང༌། ལྷག་པར་དགེ་ལྡན་རིང་ལུགས་ཀྱི་བསྟན་པ་ཁྱབ་གདལ་དུ་དར་བར་ལོག་པའི་བསམ་ངན་འཆང་བཞིན་ཚུར་རྒོལ་གྱི་བྱ་བ་ཅི་རིགས་བརྩམས་པས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ལ་དྭགས་ཀྱི་རྒྱལ་པོ་དེ་ཉིད་འདུལ་བའི་སྐབས་སུ་བབས་པ་དང༌། དེ་ཡང་བཀྲ་ཤིས་ལྷུན་པོའི་དགའ་ལྡན་ཚེ་དབང་དེ་ཉིད་ཀྱིས་འདུལ་བའི་དུས་སུ་བབས་པར་དགོངས་ནས་གཙང་ཕྱོགས་ནས་སྐོང་འགུག་གནང་སྟེ་ལས་དོན་སྒྲུབ་ཕྱོགས་གསང་བའི་བྱ་ཐབས་དུ་མ་ཡང་དག་པར་འདོམས་པར་མཛད། དེ་དང་ཆབས་ཅིག་དམ་ཅན་ཆོས་ཀྱི་རྒྱལ་པོའི་བྲིས་ཐང་བྱིན་ཅན་དང༌། བླ་རྡོ་སྲོག་འཁོར་སོགས་རྒྱལ་བ་རང་ཉིད་ཀྱི་ཕྱག་གིས་བསྟར་བའི་རྟེན་ཐུག་བཅས་བསྩལ་ནས་ཁྱོད་ནི་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་ཡུལ་མངའ་རིས་སྐོར་གསུམ་གྱི་ལྗོངས་སུ་ལུང་བཙན་པོས་དབང་སྒྱུར་བར་གདོན་མི་ཟ་བས་སྙིང་སྟོབས་ཆེ་་་་བསྐྱེད་ཐོག་མྱུར་དུ་འགྲོ་དགོས་པའི་བཀའ་ཁྱབ་བསྩལ། དགའ་ལྡན་ཚེ་དབང་ནས་ཀྱང་དེ་ལྟར་སྒྲུབ་པར་དམ་བཅས་ནས་ད་ནི་དྲག་པོ་དམག་གི་བྱ་བར་འཇུག་པ་ལ་སོ་ཐར་གྱི་སྡོམ་པ་འབུལ་དགོས་པས་བསླབ་སྡོམ་ཡང་ཆོ་གའི་སྒོ་ནས་འབུལ་བར་མཛད། དེ་ནས་ལ་དྭགས་ཕྱོགས་སུ་དཔུང་སྐྱོད་པར་ཉེ་བ་ནས་དྲེགས་པའི་ཡངས་རྗེ་གནས་ཆུང་དགྲ་ལྷ་ཆེན་པོ་མིའི་ཁོག་ཏུ་སྤྱན་དྲངས་པ་ལ། ཕན་བདེའི་རྩ་ལག་རྒྱལ་བསྟན་རིན་པོ་ཆེ་དང་རྒྱལ་བའི་དབང་པོའི་དགོངས་པ་ཇི་བཞིན་འགྲུབ་པའི་འཕྲིན་ལས་བཅོལ། དེ་ནས་རིམ་གྱིས་ས་དགའི་ཕྱོགས་སུ་སྐྱོད་སྐབས་ཡུལ་དེའི་གཙོ་བོར་མངགས་པ་ཁྲོ་བོ་དཀར་པོ་དང་མེས་པོ་ཨ་གསུམ་འཁོར་དང་བཅས་པས་མདུན་བསུས་ནས་ཡུལ་ལུགས་ཀྱི་དགའ་སྟོན་ཟབ་རྒྱས་དང༌། གཞན་ཡང་དཔའ་བོའི་ཆ་རྐྱེན་དུ་འོས་པའི་མཆོ། ན་ཆའི་བྱེ་བྲག་དང་བཞོན་རྟ། གུར་ཁང༌། དཔུང་གྲོགས་སུ་འོས་པའི་སྐྱེ་བོ་མང་པོ་མངགས་པ་སོགས་མཐུན་རྐྱེན་རོགས་རམ་ཞུས། དེ་ནས་ཡུལ་མངའ་རིས་ཀྱི་སའི་ཆར་འབྱོར་བར་ཉེ་བའི་ཚེ་ཕྱོགས་དེའི་ས་སྲུང་པ་རྣམས་ཀྱིས་ལ་དྭགས་རྒྱལ་པོའི་དཔུང་གི་ཁ་ལོ་པ་རྣམས་ལ་ཚུལ་དེ་ཞིབ་ཏུ་སྨྲས་པར་དཔུང་གི་གཙོ་བོ་ནོ་ནོ་ཤཱཀྱ་དང་སྦྱོར་ར་ཟེར་བ་གཉིས་ཀྱིས་བཤད་པ། ཡུལ་མཐའ་ཁོབ་མོང་གོལ་གྱི་ཕྱོགས་ནས་ལྷག་པའི་སོག་པོའི་མི་འདི་དག་གིས་གནམ་གྱིས་བསྐོས་པའི་སའི་བདག་པོ་སེང་གེ་རྣམ་རྒྱལ་གྱི་དཔལ་འབྱོར་ལ་མངོན་པར་འཁུ་བར་ལྷགས་སོང་ཞེས་ཐོས་ན་ཡང༌། སྐྲག་སྣང་དང་དོགས་པ་མི་དགོས། ཚང་མས་བློ་བདེ་བར་བགྱིས་ཤིག་ཅེས་འཇིགས་པ་མེད་པའི་དཔའ་གཏམ་སྒྲོག དེའི་བློན་པོ་གཟུ་བོར་གནས་པ་ནོ་ནོ་བི་ཊ་ཛོ་ཀི་ཞེས་པས་སྨྲས་པ། ཤེས་ལྡན་དག་གཡུལ་གྱི་གཏམ་བྱ་བ་ནི་སླ་ཡི་གཡུལ་དུ་འཇུག་པ་ནི་དེ་ཙམ་དུ་སླ་བ་མ་ཡིན། ཕ་རོལ་པོའི་དམག་དཔུང་རྣམས་གང་བྱུང་གིས་ཕྱོགས་འདིར་ལྷགས་པ་མ་ཡིན། འཇིགས་པ་མེད་པའི་གདེངས་ཡོད་པ་དམག་འཐབ་ཀྱི་བྱ་བར་བྱང་ཆུབ་པ་བཅས་ཀྱིས་འདིར་ལྷགས་པ་གདོན་མི་ཟ་བས། ལེགས་པར་བརྟགས་ནས་གཡུལ་གྱི་བྱ་བ་ལ་འཇུག་དགོས་ཤིང་སོག་པོའི་མི་རྣམས་ནི་བཞོན་པའི་སྟེང་ནས་མཆོན་འཕེན་པར་མཁས་པ་ཡིན་པས་ཐང་ཆེན་པོར་དམག་འཐབ་མི་རིགས་ལ་རང་ཅག་རྣམས་ནི་རི་བོའི་ལྡེབས་དང་ཆུ་དྲག་གི་འགག་གནད་མཁར་བཙན་པོ་ལ་གནས་ནས་གཡུལ་གཤོམ་དགོས་ཞེས་གྲོས་ཐག་བཅད། དེ་ནས་ལ་དྭགས་ཀྱི་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གྱིས་མིའི་སེང་གེ་དགའ་ལྡན་ཚེ་དབང་གི་ཕྱོགས་སུ་རྒོལ་བའི་གཏམ་སྤྲིངས་པ་ཁྱོད་ལྟ་བུ་མི་བསྲུན་པ་བདག་ཅག་ལ་མངོན་པར་ཕྲག་དོག་པས་འཁུ་བར་ལྷགས་པ་ནི་ལེགས་ཀྱི་གཡུལ་འཐབ་སྟེ་གལ་ཏེ་ཁྱོད་རྒྱལ་བར་གྱུར་ན་ཁྱོད་ཀྱི་བཞོན་པ་ཡང་ཕོ་བྲང་གི་སེང་གེ་སྒོར་མོར་ཐོགས་ཤིག། གལ་ཏེ་བདག་ཅག་རྒྱལ་བར་གྱུར་ན་བཞོན་པ་ཡང་ཡུལ་ལྷ་ལྡན་གྱི་རྡོ་རིང་ལ་འདོགས་པར་བྱེད་དོ་ཞེས་སྨྲས་པ་ན། ཉིན་དེའི་ཕྱི་དྲོར་དགའ་ལྡན་ཚེ་དབང་རང་ཉིད་ཞུམ་པ་མེད་པར་དཔུང་གི་ཚོགས་དུ་མ་དང་བཅས་པས་མཚོན་ཆའི་རིགས་སྣ་ཚོགས་པ་བཏགས་ཏེ་ཐམས་ཅད་རྟ་མཆོག་གི་བཞོན་པ་དང་བཅས་གཡུལ་གྱི་བྱ་བར་ཞུགས་པ་ན། ཕ་རོལ་པོ་ལ་ལ་རྟ་རྨིག་གིས་བརྫིས། འགའ་ཞིག་མཚོན་གྱིས་བཀུམ་པ་སོགས་དགྲ་དམག་མང་ཆེ་བ་འཇིག་རྟེན་ཕྱི་མར་བཏང་བས། ཕ་རོལ་པོའི་དཔུང་ཚོགས་ལྷག་མ་རྣམས་པུ་རང་སྟག་ལ་མཁར། རྩ་སྲང་བཀྲ་ཤིས་སྒང་ལ་སོགས་པའི་མཁར་བཙན་པོའི་ཕུག་ཏུ་ཡིབ་ནས་གནས་པས་མོང་གོལ་གྱི་དཔུང་རྣམས་མཁར་རྫོང་བཙན་པོ་ལེན་རྒྱུར་མཁས་པོ་མེད་སྟབས། སླར་ཡང་ལྷ་ས་ནས་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་དམ་རུ་བ་ཀོང་པོ་ཨ་པོ་བཀྲ་ཤིས། མི་དབང་གི་ཡབ་པད་མ་རྒྱལ་པོ། དགོན་བླ་མ་བཀྲ་ཤིས་རྗེ་དྲུང་རྣམས་གཙོ་བོར་མངགས་ཏེ་དཔུང་ཚོགས་སྟོང་ཕྲག་ལྔ་ལ་ཉེ་བ་མངའ་རིས་སུ་ལྷགས། དེ་ནས་ཁ་ཅིག་གིས་མཁར་རྫོང་བླང་བར་བྱ་ཞེས་ཚིག་ཙམ་དུ་གླེང༌། ཁ་ཅིག་གིས་ཡུན་རིང་པོའི་བར་དུ་མཐའ་སྐོར་ནས་གནས་པར་བྱས་ན་དེ་དག་གི་ཀ་ཅ་ཟད་ནས་གླགས་རྙེད་དོ་ཅེས་སོགས་མང་དུ་སྨྲས་མོད། མི་རྗེ་དགའ་ལྡན་ཚེ་དབང་རང་ཉིད་ཀྱིས་མཁར་རྫོང་ལ་འཇུག་པར་བརྩམ་པ་ཡང་མི་རིགས། དེའི་ནང་དུ་གནས་པའི་མི་རྣམས་ནི་མཁར་བཙན་པོའི་ནང་ནས་ལུས་ཀྱི་ཆ་ཤས་ཙམ་སྣང་བའི་སྒོ་ནས་མཚོན་དང༌། རྡོ་སྒྱོགས་སོགས་འཕངས་པས་ང་ཅག་ཕྱི་རོལ་དུ་གནས་པ་རྣམས་ནི་ལུས་ཡོངས་རྫོགས་སྣང་སྟེ་འབེན་ལྟ་བུར་གྱུར་པས་མི་རིགས། ཡུན་རིང་པོའི་བར་གནས་བཅས་ནའང་ཕ་རོལ་པོའི་ཀ་ཅ་ཟད་པར་གྱུར་ལ་དེ་ཙམ་དུ་རང་ཅག་གི་ཀ་ཅའང་ཟད་པར་གྱུར་པས་མི་རིགས། ་དཔུང་གི་ཚོགས་རྣམས་ཀྱང་ཡུན་རིང་པོར་དུབ་པ་དང༌། སྒྱིད་ལུག་པར་འགྱུར་སྙམ་སྟེ་མྱུར་བར་མིག་གིས་མི་བཟོད་པའི་དཔུང་གི་ཚོགས་ཆེན་པོ་ཉེ་བར་བཏེགས་ནས་ཤུལ་ལམ་དུ(ཙ་ཧྲང)བཀྲ་ཤིས་སྒང་རང་ཤུགས་སུ་དབང་དུ་སྒྱུར། དེ་ནས་རིམ་པས་ཆས་ཏེ་ལ་དྭགས་སླེལ་དུ་སྒར་བཏབ། དགའ་ལྡན་ཚེ་དབང་ནས་བཀའ་བསྒོས་ཏེ་དྲུང་ཡིག་བུ་ཆུང་དང༌། པད་མ་རྒྱལ་པོ་དང་རོག་ཚེ་རིག་འཇིན་དང༌། མོང་གོལ་ནས་ཐར་བཅས། དེ་ཉིན་ཀྱི་དཔུང་གི་ཁ་ལོ་སྒྱུར་བར་མངགས། ཐོ་རེངས་ནམ་ལངས་དུས་ཉེ་བ་ན་ལ་དྭགས་ཀྱི་རྗེ་བོ་བློན་པོ་དང་བཅས་པ་རབ་ཏུ་ཕམ་པར་མཛད་པས་ལ་དྭགས་རྒྱལ་པོ་རྟབ་རྟབ་པོར་མཐའ་ཁོབ་ཀླ་ཀློ་ཁ་ཆུལ(ཀརྨི་ར་ཅེ་ཁ་ཆེའི)ཡུལ་དུ་སྐྱབས་བཅོལ་དུ་བྲོས་ཤིང༌། དེ་སྐབས་དགའ་ལྡན་ཚེ་དབང་གི་བཞོན་པ་ཡང་སེང་གེ་སྒོ་མོར་བཏགས་སོ། དེའི་ཚེ་ལ་དྭགས་ཀྱི་རྗེ་བོས་རང་ཉིད་ཕམ་པ་མ་བཟོད་ནས་ནོར་གྱི་ལྷག་མ་གསེར་གྱི་སྐྱེས་གྱ་ནོམ་པ་དང་བཅས་པ་ཆིའི་རྒྱལ་པོ་ཚུལ་བཞིན་མ་ཡིན་པའི༌སྤྱོད་པས་འཚོ་བ་དེ་ལ་དབྱེན་སྦྱོར་བསླུ་བྲིད་ཀྱིས་དེས་ཀྱང་དཔུང་ཚོགས་ཆེན་པོ་བཤམས་པ་མངའ་རིས་སྤི་ཐུབ་ཏུ་ལྷགས་ཏེ་ལྷོ་དགོན་གྱི་སྐྱེ་བོ་ཉེས་མེད་མང་པོའི་སྲོག་བཀུམ། ཆོས་ལུགས་བསྒྱུར་དུ་བཅུག ས་གཞི་དོག་པོར་བྱེད་པའི་དམག་དཔུང་ཆེན་པོ་ལྷག་པར་གྱུར་ནའང་དགའ་ལྡན་ཚེ་དབང་ནི་ཇི་ཙམ་གྱི་ཚུར་རྒོལ་གྱི་ཚོགས་པ་མང་བ་དེ་ཙམ་དུ་ཕ་རོལ་ཟིལ་གྱིས་གནོན་པའི་སྤྲོ་བ་ལྷག་པར་འཕེལ་ཏེ་ཕ་རོལ་པོའི་དཔུང་གི་དབུས་སུ་བག་ཚ་བ་མེད་པར་ཞུགས་ཏེ་འགའ་ཞིག་སྲོག་བཀུམ། གཞན་དག་བྱེར། ཏི་པི་ཅག་ཏུ་གྲགས་པའི་རྟ་མཆོག་སྟོབས་པོ་ཆེ་དག་ཀྱང་དཔའ་མཚན་དུ་བླངས། དེ་ནས་ཡུལ་ཕྱོགས་དེ་ཉིད་ཀྱི་རྒྱལ་བློན་རྣམས་རང་ཡུལ་དུ་དགེ་ལུགས་པའི་བསྟན་པ་དར་ཁྱབ་ཆེ་བར་སྙིང་ནས་མི་དགའ་བར་རྨེག་མེད་དུ་བཟོ་བར་བརྩོན་པར་བྱེད་ཀྱང་དགའ་ལྡན་ཚེ་དབང་ནི་དེ་ལྟ་མ་ཡིན་ཏེ། ཡུལ་ཁམས་དེ་ན་དྭགས་པོ་བཀའ་རྒྱུད་ཀྱི་སྲོལ་འཛིན་པ་དང༌། གསང་སྔགས་རྙིང་མའི་བསྟན་པའི་སྲོལ་འ། ཛིན་པ་ལ་སོགས་པ་ཆོས་ལུགས་མི་གཅིག་པ་མང་དུ་མཆིས་མོད། དེ་དག་ཚང་མ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དང་ནང་པ་སངས་རྒྱས་པའི་རྗེས་འཇུག་ངོ་མ་ཡིན་པར་མཚུངས་ཀྱི། འོན་ཀྱང་ལམ་གྱི་བགྲོད་ཚུལ་ཐ་དད་པ་ཙམ་ལས་ཕྱི་ནང་གི་ཆོས་ལུགས་མི་མཐུན་པ་ལྟ་བུའི་གྲུབ་པའི་མཐའ་འགལ་བ་ཅན་དུ་འཛིན་པ་ནི་གནས་མ་ཡིན་ནོ་དགོངས་ནས་ཆོས་ལུགས་མི་འདྲ་བ་ཐམས་ཅད་ཕྱོགས་རིས་མེད་པར་སྐྱོང་བར་མཛད། དུས་དེར་འབྲུག་པ་སྐྱབས་མགོན་མི་ཕམ་དབང་པོ་ལ་ཐམས་ཅད་ཞུ་བ་གསོལ་ནས་ལ་དྭགས་ཀྱི་རྒྱལ་པོ་བདེ་ལྡན་རྣམ་རྒྱལ་གྱི་བུ་ཚ་དང་བཅས་པས་མིའི་དབང་པོ་དགའ་ལྡན་རང་ཉིད་ཀྱི་ཞབས་སོར་ལ་མངོན་པར་འདུད་པས། ཕ་རོལ་གྱི་དཔུང་ཚོགས་དེ་དག་ལ་ཡང་སླད་ཀྱི་སྙིང་རྗེའི་ཡུལ་དུ་གཟིགས་ནས་སླེལ་མཁར་དང་སྤི་ཐུབ། ཁྲེག་སེ་སོགས་མཁར་གཞིས་བདུན་མངའ་རོལ་དཔལ་འབྱོར་དང་བཅས་པ་རང་འཇགས་སུ་གནང་ནས་བཀའ་འདི་ལྟར་བསྒོ་བ། དེང་སླན་ཆད་རིས་སུ་མ་ཆད་པའི་བསྟན་པ་སྤྱི་དང༌། བྱེ་བྲག་ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་ལ་མོས་པ་མི་འགྱུར་བར་གྱིས་ཤིག་བསྒོས་ནས། བདེ་ལེགས་རྣམ་རྒྱལ་སོགས་ལ་དྭགས་རྒྱལ་བློན་ཚོགས་དེ་དག་གིས་ཀྱང་བཀའ་བཞིན་སྒྲུབ་པར་ཁས་བླངས་ཏེ་མགོ་བོ་སྒུར། རབ་བྱུང་བཅུ་གཅིག་པའི་ལྕགས་བྱ(༡༦༨༡)ལོར་མངའ་རིས་སྐོར་གསུམ་དབང་དུ་བསྡུས། རྒྱལ་ཁའི་དར་ཆེན་གངས་ཏེ་སིའི་མདུན་དུ་བཙུགས། ལྷ་སར་ཡང་དགའ་ལྡན་དར་ཆེན(དར་སྨྱོན)ཞེས་པ་བཙུགས། དེ་ནས་ཡུལ་མངའ་རིས་སྐོར་གསུམ་གྱི་རྒོལ་བའི་གཉའ་བ་ནས་གནོན་པར་བྱེད་པའི་མོང་གོལ་གྱི་སྐྱེ་བོ་བརྒྱ་ཕྲག་འགའ་ཞིག་ལ་བཀའ་བསྒོས་ནས་ཡུལ་དེ་ཉིད་དུ་གནས་སུ་བཅུག མིའི་རྗེ་བོ་དགའ་ལྡན་རང་ཉིད་དཔུང་གི་ཚོགས་དང་བཅས་བཀྲ་ཤིས་ལྷུན་པོར་བྱོན་ནས། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཞལ་མཇལ་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གླེགས་བམ་ངོ་མཚར་བ་སོགས་འབུལ་དངོས་རྒྱ་ཆེ་དང༌། འདུས་ཚོགས་སུའང་བསྙེན་བཀུར་གྱ་ནོམ་པ་རྒྱ་ཆེར་གནང༌། ཁྱད་པར་དམག་དཔོན་ད་ལས་ཧོང་ཐའི་ཇིས་མི་དབང་དགའ་ལྡན་རང་ཉིད་ཀྱི་བགོ་སྐལ་དུ། མདོ་ཁམས་རྒྱལ་སྟོན་གྱི་སའི་ཆ་མོང་གོལ་གྱིས་རང་གིར་སྤྱོད་པའི་སྡེ་ནས་ལོ་དུས་ཀྱི་དབྱར་ཁྲལ་ཕོ་མཛོ་ལྔ་བཅུ་རེ་བསྡུས་པའང་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་མང་ཇའི་ཐེབས་སུ་སྦྱོར་འཇགས་མ། ཛད། དེ་ནས་ལྷ་ལྡན་གཙུག་ལག་ཁང་དུ་མངོན་པར་མཐོ་བའི་ཁྲི་ལ་དགའ་ལྡན་ཚེ་དབང་འཁོད། དཔུང་ཚོགས་རྣམས་མཆོག་དམན་གོ་རིམ་མ་འཁྲུགས་པར་རང་རང་གི་གདན་ལ་འཁོད་པར་བྱས། དེ་ནས་བསྟན་འཛིན་ད་ལའི་ཁང་དང༌། མི་དབང་སངས་རྒྱས་རྒྱ་མཚོས་རང་རང་གི་ཕྱག་བསྟར་ཏེ་ལྷ་རྫས་སྲིད་དུ་རིང་བས་སྣ་དྲངས་ལྷ་མིའི་འབྱོར་ཚོགས་སྤམ་མཐོ་བ་ལེགས་སོའི་དབུགས་དབྱུངས་ཀྱི་གྲགས་པ་ཐོབ། སླར་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ཚེ་དབང་མངའ་རིས་ཀྱི་སྲིད་འཛིན་སྤྱི་ཁྱབ་ཏུ་བསྐོས་པ་ལྟར་མངའ་རིས་སུ་ལོ་ཤས་བཞུགས་ཐོག་མངའ་རིས་ས་གནས་སུ་སྐུ་གཤེགས་སོ།

language:
Tibetan

2. Thupten Phuntsok Dictionary

རྒྱལ་པོ་དགའ་ལྡན་ཚེ་དབང་དཔལ་བཟང་ནི་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་བུ་དྲུག་པ་རྡོ་རྗེ་ད་ལའི་ཧུང་ཐའི་ཇིའི་བུ་ཡིན་པ་དང་། ཁོང་ནི་རབ་བྱུང་བཅུ་གཅིག་པའི་དུས་བོད་དུ་སླེབས་ནས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་སྒྲིགས་ཞུངས་མཛད་རྗེས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རབ་བྱུང་གི་སྡོམ་པ་ཞུས་ཏེ་དུས་དེ་ནས་བཟུང་བཤད་སྒྲུབ་ཀྱི་བྱ་བར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་ཆོས་སྡེ་ཆེན་པོའི་བཀའ་བཅུ་རབ་འབྱམས་པའི་མཚན་ཐོབ་པའོ། །

language:
Tibetan