Skip to main content Skip to search
rgyal ba yon tan rgya mtsho
ID:
T228214
  • རྒྱལ་བ་ཡོན་ཏན་རྒྱ་མཚོ (Tibetan, Tibetan script, Original)
    • > rgyal ba yon tan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyalwa yönten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ) འདི་ཉིད་རབ་བྱུང་བཅུ་པའི་ས་གླང (༡༥༨༩) ལོའི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཡབ་སོག་པོ་ཇིང་གེར་གྱི་རྒྱལ་རྒྱུད་ཐུ་མེད་ཐའི་ཇི་དང་ཡུམ་བཱ་ཁེན་སྤུར་གཉིས་ཀྱི་སྲས་སུ་བལྟམས། འཁྲུངས་ལྟས་བཟང་པོ་དུ་མ་བྱུང་བ་ཕྱི་རྒྱར་སྐད་གྲགས་ཡོད་ཀྱང་ཡབ་ཚང་གིས་གསང་རྒྱ་ཆེན་པོ་མཛད། སྐབས་དེར་བོད་ཕྱོགས་ནས་རྒྱལ་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་རྩད་གཅོད་སྐོར་ལྷ་བླའི་ལུང་བསྟན་རྩེ་མཐུན་བྱུང་བས། སྐུ་གོང་མའི་གསོལ་དཔོན་བསོད་ནམས་རྒྱ་མཚོ་སོགས་སོག་ཡུལ་དུ་ཆེད་བརྫོང་གིས་ཆུང་སྲིད་འདི་ཉིད་དགུང་ལོ་གསུམ་པའི་ཐོག་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས། ཡབ་ཡུམ་གཉིས་སྲས་ལ་ཐུགས་བརྩེ་ཆེ་བས་རིམ་འགྱངས་ཁོ་ནས་བཤོལ་དེ་དགུང་ལོ་བཅུ་བཞི་བར་སོག་ཡུལ་རང་དུ་བཞུགས་དགོས་བྱུང་མཐར་ཆུ་ཡོས (༡༦༠༣) ལོར་བོད་དུ་གདན་དྲངས་ཏེ་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་བཞུགས་ཁྲིར་ཞབས་སོར་འཁོད། མེ་འབྲུག་ (༡༦༡༦) ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་དགོངས་པ་གཞན་དོན་དུ་གཤེགས་། སྐབས་དེར་དགུང་ལོ་ཉེར་བདུན་ལ་ཕེབས། ཁལ་ཁ་ཆོ་ཁུར་གྱིས་སྦྱིན་བདག་དང་། ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་ཐུགས་ཁུར་བཞེས་ཏེ་རིང་བསྲེལ་སོགས་གཟུགས་སུ་ཕུལ་བའི་དངུལ་གྱི་གདུང་རྟེན་བཞེངས་པ་འབྲས་སྤུངས་ཚོགས་ཆེན་ལ་བཞུགས་སུ་གསོལ།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ 1589 ལོར་སོག་པོའི་ཡུལ་དུ་ཡབ་ཆིན་གུར་རྒྱལ་པོ་ཚུལ་ཁྲིམས་ཆོས་རྗེ་དང་། ཡུམ་བཙུན་མོ་ཆུང་བ་ཕཱ་ཁིན་ནུ་ལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1616 ལོར་འབྲས་སྤུངས་དགོན་དུ་སྐུ་གཤེགས། དགུང་ལོ་བཞི་པར་ཕྱག་མཛོད་དཔལ་འབྱོར་[399]རྒྱ་མཚོ་དང་ཡོངས་འཛིན་ཀུན་བཟང་རྩིས་པ་གཉིས་ཀྱིས་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཡང་སྲིད་ཡིན་པར་གདན་ས་གསུམ་ལ་སྙན་མཛད། དགུང་ལོ་བཅུ་བཞི་པར་སེ་འབྲས་དགེ་གསུམ་གྱིས་སོག་པོའི་ཡུལ་དུ་སྐུ་ཚབ་ཚོགས་པ་ཆེད་མངགས་མཛད་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོ་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་གདན་འདྲེན་ཞུས། དགུང་ལོ་བཅོ་ལྔ་བར་རྭ་སྒྲེང་དགོན་དུ་ཁྲི་ཁར་བཀོད། དེ་ནས་འབྲས་སྤུངས་དགོན་དུ་གདན་དྲངས་ཏེ་གཞུང་ལུགས་སྣ་ཚོགས་ལ་གསན་སྦྱོང་ལེགས་པར་མཛད། དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་དགེ་འདུན་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས། དགུང་ལོ་བཅུ་དགུ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐུ་མདུན་ནས་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་ཉེར་དྲུག་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་འབྲས་སྤུངས་དགོན་དུ་གདན་འདྲེན་ཞུས་ཏེ་ཁོང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་འབྲས་སྤུངས་དགོན་པའི་དགེ་འདུན་མང་ཚོགས་ཀྱི་རེ་འདུན་ལྟར་རྒྱལ་བ་ཡོན་ཏན་རྒྱ་མཚོ་འབྲས་སྤུངས་དགོན་པའི་གདན་རབས་བཅུ་གསུམ་པའི་ཁྲི་པ་དང་། དུས་མཚུངས་སུ་སེ་ར་དགོན་པའི་མང་ཚོགས་ཀྱི་རེ་འདུན་ལྟར་སེ་ར་དགོན་པའི་གདན་རབས་བཅོ་ལྔ་པའི་ཁྲི་པ་མཛད་དོ། ཁོང་ནི་རྒྱལ་བ་སྐུ་ཕྲེང་བཞི་བ་ཡིན།

language:
Tibetan