- rgyu grogs rtsa
- ID:
- T228296
- རྒྱུ་གྲོགས་རྩ (Tibetan, Tibetan script, Original)
- > rgyu grogs rtsa (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyu drok tsa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མཁལ་མ་གཡས་གཡོན་ནས་ལྒང་པ་ལ་ཟུག་པའི་ལུས་ཀྱི་ཆུ་ཁམས་ཀྱི་སྙིགས་མ་དྲི་ཆུ་རྒྱུ་བའི་ལམ་རྩ་སྦུ་གུ་ཅན་གཉིས་ཀྱི་མིང་སྟེ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད་པའི་རྒྱུད་ཀྱི་ཆ་ལག་བཅོ་བརྒྱད་ཀྱི་ཡ་གྱལ་ཆུའི་སྟོང་ཐུན་ལས། ཆུའི་རྒྱུ་ནི་སྐོམ་འཐུང་བ་རྣམས་མཁྲིས་པ་འཇུ་བྱེད་ཀྱིས་དྭངས་སྙིགས་གཉིས་སུ་ཕྱེས་ཏེ། དྭངས་མ་རྣམས་ལུས་ཀྱི་རྒྱན་དུ་བྱེད་པ་དང་། སྙིགས་མ་རྣམས་རྩ་བྱེའོ་བརྒྱུད་ནས་ལྒང་པའི་གནས་སུ་བསགས་པའོ། །ཞེས་དང་། ཀུ་ཡ་ནི་ཁྲག་ངན་ལུས་ཟུངས་ལ་མ་སྨིན་པའི་སྙིགས་མ་ཆུའི་ལམ་ནས་བྱུང་བའོ། །ཞེས་དང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ལས། གཅིན་རྒྱུ་བའི་ལམ་ཡིན་པས་མཁལ་མ་དང་། ལྒང་པའི་རང་གསང་ཁ་ཐུར་དུ་ལྟས་པའོ། །ཞེས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། མཆིན་པའི་སྙིགས་མ་མཁལ་མར་འགྲོ་བད་ཀན་མཁྲིས་པ་རླུང་གིས་ཕྱེ། ལུས་ཟུངས་འཛིན་བྱེད་རླུང་གིས་ཕྱེ། ལུས་ཟུངས་འཛིན་བྱེད་རླུང་གིས་དྲངས། མཁལ་མའི་སྦུབས་སུ་འགྲོ་བ་སྟེ། རླུང་མཁྲིས་བད་ཀན་གསུམ་གྱིས་བཞུ། བཅུད་ཀྱིས་རྩ་སྦུབས་ཀུན་ཁྱབ་སྟེ། བཅུད་ཀུན་རུས་མིག་འདྲེན་པར་བྱེད། ལྟ་བ་རུས་པ་ཐམས་ཅད་རྒྱས། བདེ་བ་རྒྱས་བྱེད་སྲོག་འཛིན་བྱེད། སྙིགས་མ་ལྒང་ཕུག་དག་ཏུ་ལྷུང་། ཞེས་དང་། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོའི་ནང་གི་དོན་ལས། སླ་བ་རྒྱུ་གྲོག་ནས་སོང་ནས། ལྒང་པ་ནས་ནི་འབབ་པར་བྱེད། ཁྲག་སྙིགས་མཆིན་ལས་མཁྲིས་པ་ནི། བསྐྱེད་ནས་དེ་སྙིགས་འོག་ཏུ་འགྲོ། ཧས་པའི་སྙིགས་ཆུའི་ཀུ་ཡ་དང་། དྲི་ཆེན་རྩི་དང་སེར་པོར་བྱེད། ཅེས་གསུངས།
- language:
- Tibetan