- rgyud chen kun dga' don grub
- ID:
- T228367
- རྒྱུད་ཆེན་ཀུན་དགའ་དོན་གྲུབ (Tibetan, Tibetan script, Original)
- > rgyud chen kun dga' don grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyü chen kün ga döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱུད་ཆེན་ཀུན་དགའ་དོན་གྲུབ་ནི་གཙང་གནས་རྙིང་དུ་རབ་བྱུང་བདུན་པའི་ས་ཕག་(༡༤༡༩)ལོར་སྐུ་འཁྲུངས། གཞོན་ནུའི་དུས་སྣར་ཐང་དུ་རབ་ཏུ་བྱུང་ནས་སློབ་གཉེར་མཛད། རྗེ་དགེ་འདུན་གྲུབ་པ་ལས་ཚད་མ་རྣམ་འགྲེལ་གསན། རྗེ་ཤེས་རབ་སེང་གེའི་དྲུང་དུ་གསང་འདུས་རྩ་རྒྱུད་ལེའུ་བདུན་པ་ཡན་གྱི་བཤད་ལུང་དང་། རིམ་ལྔའི་དམར་ཁྲིད་གསན། འབྲས་སྤུངས་སུ་མཁས་ཆེན་དཔལ་བློའི་ཞབས་ལ་གཏུགས་ནས་དབུ་ཕར། འདུལ་མངོན་སོགས་གསན། རྒྱུད་ཆེན་སྦྱིན་པ་དཔལ་བ་ལས་འདུས་པའི་རྒྱུད་འབྲེལ་མན་ངག་དང་བཅས་པ་ཡོངས་སུ་ཚང་བར་ཞུས། གཞན་ཡང་རྗེ་ཤེས་རབ་སེང་གེས་གཙོ་བོར་གྱུར་པའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོ་བསྟེན་ནས་མཁས་པ་ཆེན་པོར་གྱུར་ཏེ་རྒྱུད་སྨད་གྲ་ཚང་དུ་བཞུགས། དེ་ནས་རྒྱུད་ཆེན་སྦྱིན་པ་དཔལ་བ་དང་གྲགས་པ་བཟང་པོ་གཉིས་ལོ་སྔ་ཕྱིར་སྐུ་གཤེགས་རྗེས་དེའི་སྐུ་ཚབ་ཏུ་གྲ་དམངས་ནས་རྗེ་ཀུན་དགའ་དོན་གྲུབ་ལ་མོས་ཀྱང་དབུ་མཛད་སོགས་ཀྱིས་མ་མོས་སྟབས་རྗེ་ཉིད་རྐྱེན་ངན་ལམ་དུ་ལྷོངས་པར་གཟིགས་ནས་རྒྱུད་པའི་ནང་རྟེན་མགོན་པོ་ཕྱག་དྲུག་པའི་ཞལ་ཐང་དང་། ནང་མཆོད་ཀ་པྰ་ལ་བསྣམས་ནས་རབ་བྱུང་བརྒྱད་པའི་ཤིང་སྤྲེལ་(༡༤༦༤)ལོར་དབུས་སྟོད་ཕྱོགས་སུ་ཕེབས། དེ་ནས་དབུས་སྟོད་བྱམས་གླིང་དུ་གདན་ས་མཛད་དེ་ལོ་བཅུ་ཙམ་བཞུགས། རབ་བྱུང་བརྒྱདཔའི་ཤིང་རྟ་(༡༤༧༤)ལོར་རྗེ་ཉིད་དགུང་ལོ་ང་དྲུག་ཐོག་དབུས་སྟོད་ལོ་ཁུལ་དུ་རྒྱུད་ཀྱི་བཤད་གྲྭ་བཙུགས་ནས་རིམས་གྱིས་ཕེལ་རྒྱས་བྱུང་ཏེ་ད་དགོང་ལོ་རེ་བརྒྱད་པར་ལོ་བཅུ་གསུམ་རིང་རྒྱུད་འཛིན་མཛད་ནས་རྒྱུད་སྟོད་གྲྭ་ཞེས་པ་དེ་བྱུང་། གསུང་རྩོམ་ <<རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལེའུ་དང་པོའི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་ཆད་པིའ་མན་ངག་རིམ་གཉིས་གཏེར་མཛོད་>>དང་<<རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལེའུ་དང་པོའི་རྩ་འགྲེལ་གྱི་ས་བཅད་>>སོགས་པོད་འབྲིང་གཅིག་བཞུགས། དངོས་སློབ་ཀྱང་སློབ་དཔོན་ལྷ་རིན་པ་ཡེ་ཤེས་རྩེ་པ། བླ་མ་ཕྱག་དྲུག་པ་སོགས་མཁས་དབང་འགའ་བྱོན་དེ་ལྟར་བསྟན་པའི་བྱ་བ་ཆེན་པོ་མཛད་ནས་དགུང་ལོ་རེ་བརྒྱད་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་རྟ་(༡༤༨༦)ལོར་བྱམས་པ་གླིང་དུ་སྐུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་དབུ་ཐོད་རིང་བསྲེལ་གྱིས་བརྒྱན་པ་བྱོན་པའི་ཐུགས་ལྗགས་གཉིས་དཔལ་གསང་བ་འདུས་པའི་གསེར་སྐུ་ཁྲུ་གང་པ་གཅིག་བཞེངས་པའི་ནང་དུ་བཞུགས། དབུ་ཐོད་ནི་ལྷ་རྩེ་དགོན་གསར་དུ་བཞུགས་སོ། །
- language:
- Tibetan
2. Thupten Phuntsok Dictionary
རྒྱུད་ཆེན་ཀུན་དགའ་དོན་གྲུབ་ནི་གཙང་གནས་རྙིང་དུ་རབ་བྱུང་བདུན་པའི་ས་ཕག (༡༤༡༩) ལོར་སྐུ་འཁྲུངས། གཞོན་ནུའི་དུས་སྣར་ཐང་དུ་རབ་ཏུ་བྱུང་ནས་སློབ་གཉེར་མཛད། རྗེ་དགེ་འདུན་གྲུབ་པ་ལས་ཚད་མ་རྣམ་འགྲེལ་གསན། རྗེ་ཤེས་རབ་སེང་གེའི་དྲུང་དུ་གསང་འདུས་རྩ་རྒྱུད་ལེའུ་བདུན་པ་ཡན་གྱི་བཤད་ལུང་དང་། རིམ་ལྔའི་དམར་ཁྲིད་གསན། འབྲས་སྤུངས་སུ་མཁན་ཆེན་དཔལ་བློའི་ཞབས་ལ་གཏུགས་ནས་དབུ་ཕར། འདུལ་མངོན་སོགས་གསན། རྒྱུད་ཆེན་སྦྱིན་པ་དཔལ་བ་ལས་འདུས་པའི་རྒྱུད་འགྲེལ་མན་ངག་དང་བཅས་ཡོངས་སུ་ཚང་བར་ཞུས། གྲུབ་མཐའ་ནི་དགེ་ལུགས་པ་ཡིན། གསུང་རྩོམརྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལེའུ་དང་པོའི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་གཉིས་གཏེར་མཛོད》དང་། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལེའུ་དང་པོའི་རྩ་འགྲེལས་གྱི་ས་བཅད》སོགས་པོད་འབྲིང་གཅིག་བཞུགས། དངོས་སློབ་ཀྱང་སློབ་དཔོན་ལྷ་རིན་པ། ཡེ་ཤེས་རྩེ་པ། བླ་མ་ཕྱག་དྲུག་པ་སོགས་མཁས་དབང་འགའ་བྱོན། དེ་ལྟར་བསྟན་པའི་བྱ་བ་ཆེན་པོ་མཛད་ནས་དགུང་ལོ་རེ་བརྒྱད་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་རྟ (༡༤༨༦) ལོར་བྱམས་པ་གླིང་དུ་སྐུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་དབུ་ཐོད་རིང་བསྲེལ་གྱིས་བརྒྱན་པ་བྱོན་པའི་ཐུགས་ལྗགས་གཉིས་དཔལ་གསང་བ་འདུས་པའི་གསེར་སྐུ་ཁྲུ་གང་པ་གཅིག་བཞེངས་པའི་ནང་དུ་བཞུགས། དབུ་ཐོད་ནི་ལྷ་རྩེ་དགོན་གསར་དུ་བཞུགས་སོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བདུན་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1419 ལོར་གཙང་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1486 ལོར་བྱམས་པ་གླིང་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྣར་ཐང་དུ་ཕེབས་ཏེ་རབ་ཏུ་བྱུང་། རྗེ་དགེ་འདུན་གྲུབ་པ་[415]ལས་ཚད་མ་རྣམ་འགྲེལ། རྗེ་ཤེས་རབ་སེང་གེ་ལས་རིམ་ལྔའི་དམར་ཁྲིད། མཁན་ཆེན་དཔལ་བློ་བ་ལས་དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་མཛོད་སོགས་གཞུང་མང་པོ། རྒྱུད་ཆེན་སྦྱིན་པ་དཔལ་བ་ལས་གསང་འདུས་སོགས་གསན་པར་མཛད། གཞན་ཡང་རྒྱུད་པ་གྲགས་པ་བཟང་པོ་དང་། ཆོས་རྗེ་བ་སོ་བ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་མདོ་རྒྱུད་ཡོངས་སུ་རྫོགས་པའི་མན་ངག་རྒྱ་མཚོའི་མངའ་བདག་ཏུ་གྱུར། དེ་ནས་བྱམས་པ་གླིང་དུ་གདན་ས་མཛད་དེ་ཡུན་རིང་བཞུགས་རྗེས་སྨད་རྒྱུད་དུ་ཕེབས། ཁོང་སྨད་རྒྱུད་ཀྱི་ཁྲི་ལ་བཞུགས་འདོད་ཡོད་ཀྱང་རྒྱུད་པའི་དབུ་མཛད་དོན་ཡོད་ཀྱིས་སློབ་དཔོན་བཀྲ་ཤིས་རྒྱལ་མཚན་རྒྱུད་ཁྲིར་བསྐོ་བཞག་མཛད་པས་ཐུགས་ཅུང་ཟད་མ་རངས་པའི་ཚུལ་གྱིས་རྒྱུད་པའི་ནང་རྟེན་མགོན་པོའི་ཞལ་ཐང་དང་ཀ་པཱ་ལི་བསྣམས་ཏེ་དབུས་སྟོད་དུ་བྱོན། དེ་ནས་རྒྱུད་ཀྱི་འཆད་ཉན་མཛད་སྐབས་ཐོག་མར་སློབ་དཔོན་དྲུག་དང་། རྗེས་སུ་རིམ་གྱིས་འདུལ་བ་འཛིན་པ་སོ་གཉིས་འདུས་པ་བྱུང་བས་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པའི་རྟེན་འབྲེལ་འགྲིགས་པས། དགུང་ལོ་ང་དྲུག་པ་རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1474 ལོར་དབུས་ཀྱི་རྒྱུད་སྟོད་གྲྭ་ཚང་ཕྱག་འདེབས་མཛད་ཅིང་འཕྲིན་ལས་ཤིན་ཏུ་རྒྱས་ཏེ་གྲྭ་ཚོགས་མང་དུ་འདུས་སོ། དགུང་ལོ་དྲུག་ཅུ་རེ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གྲགས་ཆེ་བའི་སློབ་མ་ནི་རྒྱུད་པ་ལྷ་རིན་པ་དང་། ཆོས་རྗེ་ཡེས་བརྩེ་བ། སློབ་དཔོན་དཔལ་ལྡན་འོད་ཟེར་བཅས་ཡིན་ནོ། ། [416]
- language:
- Tibetan