- sga stod ngag dbang legs pa
- ID:
- T228439
- སྒ་སྟོད་ངག་དབང་ལེགས་པ (Tibetan, Tibetan script, Original)
- > sga stod ngag dbang legs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > ga tö ngawang lekpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱི་ལོ་༡༨༦༧ཤིང་བྱི་ལོར་སྒ་སྨད་འཛི་མདར་སྐུ་འཁྲུངས། ངག་དབང་བཤད་སྒྲུབ་རྒྱ་མཚོའི་མདུན་ནས་ཡི་གེ་འབྲི་ཀློག་གི་དབུ་བཙུགས་ཤིང་། དགུང་ལོ་དགུ་པར་ངོར་མཁན་པོ་བསྟན་པའི་བློ་གྲོས་ལ་གཙུག་ཕུད་ཕུལ། གུར་མགོན་བྲག་རྫོང་མའི་བསྙེན་པའི་སྐབས་སྒྲུབ་གཏོར་ལ་སྤུ་ནག་པོ་མཐོ་གང་ཙམ་རེ་སྐྱེས་པ་ཆོས་སྐྱོང་གིས་ལས་བཞིའི་འཕྲིན་ལས་བསྒྲུབ་པའི་མཚན་མར་གྲུབ། ངོར་ཨེ་ཝཾ་ཆོས་ལྡན་དུ་ལྕེ་བཙུན་ངག་དབང་བློ་གྲོས་ལས་ལམ་འབྲས་ཚོགས་བཤད་གསན། དགུང་ལོ་བཅུ་དགུ་པར་བསྙེན་པར་རྫོགས་པ་ནས་ཚུལ་ཁྲིམས་མིག་གི་འབྲས་བུ་བཞིན་བསྲུངས། སྡེ་དགེར་ཕེབས་ཏེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས་རྣལ་འབྱོར་མའི་བྱིན་རླབས་སོགས་གདམས་ངག་དུ་མ་མནོས། འཇམ་མགོན་ཀོང་སྤྲུལ་དང་མངའ་རིས་པ་ཀུན་འཇམ། ངོར་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། དགའ་ལྡན་པ་དགེ་བཤེས་བློ་སྦྱིན་སོགས་ལས་མདོ་སྔགས་རིག་གནས་ཀྱི་དབང་ལུང་ཁྲིད་གསུམ་ཞུས། དགུང་ལོ་སོ་བདུན་པ་ནས་ལོ་ཧྲིལ་པོ་བཅོ་ལྔར་མཚམས་སྒོ་འདག་སྦྱར་བྱས་ཏེ་དཀའ་སྤྱད་ཁྱད་དུ་བསད་ནས་ལམ་འབྲས་སྣང་རྒྱུད་ཀྱི་ཉམས་བཞེས་དང་། འཇམ་མགོན་ས་པཎ་གྱི་སྐུ་ཐང་མདུན་ཕྱག་འབུམ་ཕྲག་བཞི་བཅུ་ཞེ་གཅིག་ཕུལ། སྐུ་མཚམས་ལས་བཞེངས་ཏེ་ཐར་ལམ་དགོན་སོགས་སུ་ལམ་འབྲས་སློབ་བཤད་ཀྱིས་གཙོས་པའི་དབང་ལུང་ཁྲིད་གསུམ་གྱི་ཆོས་ཆར་བསྙིལ། ཞལ་སློབ་གཙོ་བོ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་རྒྱལ་མཚན། ངོར་མཁན་ཆེན་སོགས་རིས་མེད་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་བྱོན། ཡིག་དྲུག་དང་། སྙུང་གནས་ཀྱི་དགེ་བསྐུལ་མང་དུ་གནང། བདེ་བ་ཅན་དུ་ཕེབས་པའི་ཞལ་བཞེས་དང་བཅས་སྤྱི་ལོ་༡༩༤༡ལྕགས་སྦྲུལ་ནག་ཟླའི་ཚེས་༢༩ཉིན་སྐུ་གཤེགས།
- language:
- Tibetan