Skip to main content Skip to search
sgar chen 'dzam gling rgyan
ID:
T228464
  • སྒར་ཆེན་འཛམ་གླིང་རྒྱན (Tibetan, Tibetan script, Original)
    • > sgar chen 'dzam gling rgyan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gar chen dzamling gyen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་རྣམས་ཕྱོགས་ཕེབས་གནང་སྐབས་དང་། ཚ་ཞག་བཞུགས་འཇགས་སྐབས་སྒྲིག་འཛུགས་དང་། སྒྲིགས་ཁྲིམས། ཞབས་གྲས་ལས་ཚན་རིམ་པ་མང་པོའི་འགན་བབས་བྱེད་སྒོ་དང་ཕྱོགས་རོགས་ཞབས་ཞུ་བ་སོགས་ཀྱི་ཆོས་ཕྱོགས་བྱེད་སྒོ་སོགས་ཞོབ་རྒྱས་ཡོད་པའི་བཞུགས། སྒར་ཆེན་པོ་ཞིག་ཡོད་པ་དེའི་མིང་ཡིན། བོད་ཀྱི་བླ་ཆེན་ཚོར་བཞུགས་སྒར་དང་ལས་ཚན་མང་པོའི་རིམ་པ་ཅན་གྱི་སྤྲོས་པ་དེ་ནི་ཐོག་མར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་གཙོ་འཛིན་མཛད་(ཡོན་རྒྱལ་རབས་ཀྱིས་བོད་ས་གནས་སུ་བཙུགས་པའི་ཐུ་བོ་ཤོན་ཝུའི་སི་ཏུའུ་ཡོན་ཧྲའོ་ཧྥུ་ཡི་གཙོ་འཛིན་)སྐབས་ལས་ཚན་རིམ་པ་བཅུ་གསུམ་དང་། བཞུགས་སྒར་གྱི་དཀོད་སྒྲིག་ལམ་སྲོལ་ཐོག་མར་བྱུང་ཞིང་། ཀརྨ་པ་སྐུ་ཕྲེང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཡས་མས་སུ་ཕེབས་སྐབས་ཞབས་གྲས་འགའ་ཞིག་དང་། རྒྱུན་ལྡན་ཞབས་ཞུ་སློབ་མ་སོ་སོས་སྐབས་བསྟུན་ཞུ་བ་མ་གཏོགས། ལས་ཚན་རིམ་པ་དང་། བཞུགས་སྒར་བླ་བྲང་སོགས་ཀྱི་སྤྲོས་པ་གང་ཡང་བྱུང་མེད། ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་མཆོག་ཡོ་རྒྱལ་རབས་ཀྱི་གོང་མ་ཐ་མ་ཐོ་གན་ཐེའི་མུར་གྱིས་གདན་དྲངས་པ་ལྟར་རབ་བྱུང་དྲུག་པའི་ས་ཁྱི་(༡༣༥༨)ལོར་མཚུར་ཕུའི་གདན་ས་ནས་ཕེབས་ཐོན་གནང་སྟེ་ལམ་བར་ལོ་ངོ་ཕྱེད་གསུམ་ཙམ་ཐུགས་འགོར་བྱུང་ཞིང་། ལྕགས་བྱི་(༡༣༦༠)ལོར་གཞི་ནས་པེ་ཅིན་དུ་ཕེབས་འབྱོར་བྱུང་སྟེ་ཆུ་སྟག་(༡༣༦༢)ལོ་བར་ལོ་ངོ་གསུམ་ཙམ་བཞུགས་སྟེ་བོད་དུ་ཕྱིར་ཕེབས་གནང་བ་འཅས་ཀྱི་སྐབས་སུ་དེ་གར་བཞུགས་རིན་ཆོས་སྒར་གྱི་རྣམ་པ་ཙམ་ལས་ལས་ཚན་རིམ་པ་དང་། ཆིབས་ཞབས་དཔོན་རིགས་བྱེད་སྒོ་མང་པོ་བཅས་མེད་ཚོད་རེད། དེ་བཞིན་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་ཡང་སྐུ་གོང་མའི་དུས་དང་འདྲ་བར་མཛད་འཕྲིང་རྒྱ་ཆེ་ཞིང་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ནན་ཅིན་དུ་གདན་དྲངས་པ་ལྟར་ཕེབས་ཏེ་གོང་མས་བཀུར་བཟོས་གཞན་དང་མི་འདྲ་བ་ཞུས་པར་བརྟེན་མཛད་འཕྲིན་དང་མཚན་གནས་གང་ཅི་སྔར་ལས་ཇེ་མཐོར་ཕེབས་ཡོད་ཀྱང་།ཞབས་ཞུའི་ལས་ཚན་གོ་རིམ་དང་།བཞུགས་སྒར་ཕྱི་ནང་གི་སྒྲིག་བཀོད།ཆིབས་རགས་ཀྱི་བཀོད་པ་སོགས་རྒྱས་སྤྲོས་ཀྱི་རྣམ་པ་མཛད་མི་འདུག་ཅིང་། སྐུ་ཕྲིང་དྲུག་པ་མཐོང་བ་དོན་ལྡན་གྱི་སྐབས་ལ་ཡང་སྐུ་ཕྲེང་གོང་མའི་དུང་བཞིན་རྒྱུན་འཁྱོངས་གནང་བ་ལས་གསར་དུ་སྤྲོས་པ་གཞན་མཛད་མེད་ཚོད་རེད།སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་སྐུ་ཕྲེང་སྔོན་མ་ཚོའི་སྐབས་ལས་མཛད་འཕྲིན་ཆེ་ཞིང་།ཏཱམིང་གོང་མ་ཕྲེང་ཧྥ་ཡིས་གུས་བཀུར་དང་།འཇང་རྒྱལ་པོ་སོགས་སྟོབས་འབྱོར་ལྡན་པའི་མཐའ་མཚམས་རྒྱལ་ཕྲན་མང་པོས་དད་འདུན་བསྙེན་བཀུར་རྒྱུན་མི་ཆད་པ་སོགས་ལ་བརྟེན། ཀོང་པོ། དར་མདོ། འབར་ཁམས། ཨ་མདོ་སོགས་སུ་ཕེབས་བཞུགས་མང་ཐོག།ཞབས་རྗེས་སུ་འབྲང་བའི་སློབ་མ་དང་།ཆིབས་ཞབས་སོགས་རྒྱ་ཆེ་བའི་སྟབས་ཀྱིས་བཞུགས་སྒར་གྱི་སྤྲོས་པ་རྒྱ་ཆེ་རུ་ཕྱིན་ཏེ།ཞབས་གྲས་ལས་ཚན་བཅུ་གསུམ་སོ་སོར་ལས་ཞཱ་ལས་གོས་ལས་འགན་བཅས་གོང་འོག་རིམ་པ་མང་བ་དང་སྒར་དཔོན་དང་། སྒར་པའི་ཁྲིམས་དཔོན། ཁྲིམས་རེས་པ། ཉེས་རྟོག་པ། གཏན་འཇགས་ཞབས་ཞུ་བ། གསུང་ཞབས་ཆོག་གྲ་བ་སོགས་ཀྱི་བཀོད་སྒྲིག་ཧ་ཅང་ཞིབ་རྒྱས་གནང་འགོ་འཛུགས་འདུག་ན་བཅས་སྒར་པའི་བཀོད་སྒྲིག་པར་འབེ་ལོ་ཙྰ་བ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ(ཀརྨ་ཀམ་ཚང་གི་ཆོས་འབྱུང)སྡེ་དགེ་དཔར་མ་པོད་དང་པོའི་ཤོག་གྲངས༢༨༥ནས་༢༨༧བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

ཀརྨ་པ་སྐུ་ཕྲེང་བཞི་པ་ནས་སྐུ་ཕྲེང་བཅུ་པའི་བར་ཡོད་པའི་ཀརྨ་པའི་ཆོས་སྒར་སྐད་གྲགས་ཅན་ཞིག་བྱུང་བ་རེད། དེ་ཡང་སྤྱི་ལོ་༡༣༧༠ལོ་ཡས་མས་ཙམ་ན་འགོ་ཚུགས། ཐོག་མར་ཀརྨ་པ་རོལ་པའི་རྡོ་རྗེ་རྒྱ་ནག་ནས་ཡར་བོད་དུ་ཕེབས་པའི་ལམ་བར་མདོ་སྟོད་ཀྱི་འདན་མ་ཁོག་དང་། རོང་པོ། ཁྱུང་པོ་དཀར་ནག བརྒྱད་ཤོག སོག་སྟོད་སྨད། ཀོང་པོ་སོགས་ཀྱི་དད་ལྡན་རྒན་རྒས་རྣམས་བླ་མའི་རྗེས་སུ་འབྲངས། མཚུར་ཕུར་སླེབས་པ་དང་ཉེ་སྐོར་དུ་གུར་སྒར་བཏབ་ནས་སྡོད། ཉིན་ལྟར་འཚོགས་འདབས་སུ་མ་ཎྀ་སོགས་ཁ་འདོན་གང་ཤེས་བཏོན་ནས་ཚེ་སྐྱེལ་བ་ལ་ཀརྨ་པའི་ཆོས་སྒར་ཞེས་མིང་ཐོག དེ་ནས་སྐུ་ཕྲེང་ལྔ་པའི་སྐབས་སུ་འཕེལ་རྒྱས་ཕྱིན་ཏེ་གྲྭ་མང་སྟོང་ཚོ་མང་པོ་འཕེལ། སྐུ་ཕྲེང་དྲུག་པ་དང་། བདུན་པ། བརྒྱད་པ། དགུ་པ་རྣམས་ཀྱི་སྐབས་སུ་ཧ་ཅང་དར་རྒྱས་བྱུང་སྟབས་སྒྲིག་རིམ་ལྡན་པའི་ཆོས་སྒར་ཞིག་ཆགས་ཏེ། སྐྱ་སེར་དབྱེ་ནས་འཚོགས་པ་དང་། གྲྭ་སྤྱི་ལ་སྒར་ཞྭ་དང་། སྒར་སྟོད་ཅེས་པའི་ཐུན་མིན་གྱི་ཞྭ་དང་སྟོད་གོས་སོགས་བཟོས། སྒར་གྱི་ནང་དུ་བླ་གྲྭ་སོ་སོའི་ཡོན་ཏན་དང་འཇོན་ཐང་ལྟར་གོ་གནས་བསྐོ་བཞག་གནང་སྟེ་སྒར་སྤྱིའི་སྒྲིག་ཁྲིམས་དོ་དམ་གྱི་འགན་ཁུར་དགོས་པ་དང་། དེ་ཡང་མགྲོན་གཉེར། དཔོན། གཟིམས་དཔོན། གུའི་གུང་པ་སོགས་ཀྱི་ཐོབ་ཐང་གི་དབྱེ་བ་ཕྱེས་འདུག དེ་དག་ལ་སོ་སོའི་གོ་གནས་དང་མཚུངས་པའི་ལས་ཞྭ་དང་། ལས་གོས་བཟོས་འདུག སྒར་གྱི་ནང་དུ་ཤོག་ཁག་ཁ་ཤས་ཕྱེས་ཡོད་པ་དང་། ཤོག་སོ་སོ་ནས་ཁྲིམས་དཔོན་རེ་གདམས་གསེས་བྱེད་ཅིང་། ཁྲིམས་དཔོན་རེའི་འོས་འགན་ཟླ་བ་གསུམ་རེ་ཁུར་དགོས། ལས་ཐོག་རེ་ལ་ཁྲིམས་སུམ་ཅུ་ཙམ་ཡོད་ཅིང་དེ་དག་སོ་སོའི་འོས་འགན་གྱི་དུས་སུ་སྒར་གྱི་ནང་ཁྲིམས་འགལ་གྱི་ལས་མི་ཡོང་པའི་འོས་འགན་སྒྲུབ་དགོས་ཅིང་ཡོད། ཀརྨ་པ་སྐུ་ཕྲེང་བཅུ་པའི་སྐབས་སུ་བོད་སོག་དམག་གིས་སྒར་ཆེན་འཛམ་གླིང་རྒྱན་གཏོར། སེར་སྐྱ་བསྡོམས་པས་མི་ཁྲི་ཚོ་ཁ་ཤས་ཞིག་གི་སྲོག་ཤོར་བར་གསལ། སྤྱི་ལོ༡༦༤༣ལོར་སྒར་ཆེན་འཛམ་གླིང་རྒྱན་འཐོར་ཞིག་སོང་། ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་བྲོས།

language:
Tibetan