Skip to main content Skip to search
sger pa sku drag
ID:
T228519
  • སྒེར་པ་སྐུ་དྲག (Tibetan, Tibetan script, Original)
    • > sger pa sku drag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gerpa ku drak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ཡང་ས་ཞིང་དང་མི་སེར་བཅས་པ་སྒེར་ལ་དབང་མཁན་མི་དྲག་ཆེ་ཆུང་སྤྱིའི་མིང་ཡིན་ཞིང་། བོད་ཀྱི་སྒེར་པ་སྐུ་དྲག་གི་འབྱུང་ཁུངས་ནི། དང་པོ། པུར་རྒྱལ་དང་བློན་ཆེན་གྱི་མི་རྒྱུད་དང་ས་གནས་ཁག་གི་སྡེ་དཔོན་བྲན་གཡོག་བདག་པོ་ཆེ་གྲས་ཆེ་གྲས་ཀྱི་མི་རྒྱུད་སྟེ། དཔེན་ན་ཨེ་ལྷ་རྒྱལ་རི་ནི་པུར་རྒྱ་གྱི་མི་རྒྱུད་ཡིན་སྐད་དང། སྒེར་པ་ཆེན་པོ་རྣམ་སྲས་གླིང་ནི་རྒྱལ་པོ་གླང་དར་མའི་མག་པའི་མི་རྒྱུད་ཡིན་སྐད། སྒེར་པ་ཆེན་པོ་ཐོན་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་གྲགས་ཅན་ཐུ་མི་སམ་བྷོ་ཊའི་མི་རྒྱུད་ཡིན་སྐད། སྒེར་པ་ཆེན་པོ་རྡོ་རིང་དང་། མདོ་ཁར། བཤད་སྒྲ་སོགས་ནི་གནའ་བོའི་བོད་ཀྱི་ཡུལ་གྲུ་ཁག་གི་རྒྱལ་པོའི་མི་རྒྱུད་ཡིན་སྐད་བཅས་ལྟ་བུ། ཁོང་ཚོའི་མེས་པོ་མི་ཉུང་བ་ཞིག་ལ་མན་ཆིང་རྒྱལ་རབས་ཀྱི་དུས་འགོར་པེ་སི་དང་ཇུན་ཝང་གི་གོ་མིང་ཐོབ་ཡོད། གཉིས་པ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་དཔོན་གནས་གནང་བའི་སྐུ་དྲག༡.ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་སྒེར་པ་བརྒྱ་དང་བདུན་ཅུ་དོན་ལྔར་དྲུང་འཁོར་གྱི་དཔོན་གནས་བསྩན་ནས་སྐུ་དྲག་ཏུ་གྱུར། ༢.ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་དུས་སུ་སེར་མོ་བའི་དབང་ཆ་རྒྱ་ཆེར་གཏོང་ཆེད་ཡིག་ཚང་ལས་ཁུངས་བཙུགས་ནས་སེར་མོ་བ་ཕོན་ཆེན་ཞིག་སྲིད་གཞུང་གི་དཔོན་རིགས་སུ་བསྐོ་གཞག་གིས་ཁྱོན་བསྡོམས་རྩེ་དྲུང་བརྒྱ་དང་བདུན་ཅུ་དོན་ལྔར་དཔོན་གནས་བསྩན་ནས་སྒེར་པ་སྐུ་དྲག་ཏུ་གྱུར། ༣.མན་ཆིང་གོང་མས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་ཡབ་ལ་གུང་གི་གོ་མིང་ཕུལ་བ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཡབ་ཚང་ལ་གུང་གི་གོ་མིང་སྤྲོད་སྲོལ་ཆགས་པ་མ་ཟད། ཡབ་གཞིས་དང་ཞིང་བྲན་འབོར་ཆེན་སྤྲད་ནས་སྒེར་པ་ཆེན་པོར་གྱུར་པ། ༤སྲིད་སྐྱོང་རྭ་སྒྲེང་དང་སྟག་བྲག་གི་དུས་སུ་ཚོང་རིགས་ཆེ་ཁག་ནས་སྒེར་པ་སྐུ་དྲག་གི་གྲས་སུ་ཚུད་པ་དཔེར་ན། སྤོམ་མདའ་ཡར་འཕེལ་དང་ས་འདུ་རིན་ཆེན་ལ་སོགས་ལྟ་བུ། ༥.སྒེར་པ་ཆེན་པོ་ཕ་ལྷ་ནི་འབྲུག་པ་རྒྱལ་པོའི་མི་རྒྱུད་ཡིན་པ་དང་། སྒེར་པ་ཆེན་པོ་རྡོ་ཁྲ་ཚེ་རིང་ནི་འབྲས་ལྗོངས་རྒྱལ་པོའི་མི་རྒྱུད་ཡིན་པ་ལྟ་བུ། ༦.བཀའ་བློན་རིམ་བྱུང་གི་མི་རྒྱུད་སྟེ། དཔེར་ན། ཞོལ་ཁང་དང་། རམ་པ། ཟུར་ཁང་སོགས་ལྟ་བུ། གསུམ་པ། པཎ་ཆེན་གྱི་ཡབ་གཞིས་དང་བཀྲས་ལྷུན་བླ་བྲང་གི་སེར་སྐྱ་དཔོན་རིགས་ནི་པཎ་ཆེན་ནང་སྒང་གི་ཁོངས་སུ་གཏོགས་པའི་གཙང་ཁུལ་གྱི་སྒེར་པ་སྐུ་དྲག་ཡིན། བཞི་པ། ས་སྐྱ་བདག་ཆེན་དང་། ཆབ་མདོ་འཕགས་པ་ལྷ། བྲག་གཡབ་བློ་ལྡན་ཤེས་རབ། རི་བོ་ཆེའི་འཕགས་མཆོག་བཅས་དང་ཧོ་ཐོག་ཐུའི་ཡབ་ཚང་དང་དེ་ཚོའི་དཔོན་རིགས་གཙོ་གྲས་རྣམས་ཀྱང་ཁོང་ཚོའི་འཛིན་ཁོངས་ས་ཁུལ་དེ་གའི་སྐུ་དྲག་ཏུ་གཏོགས། རྒྱལ་རབས་རིམ་བྱུང་གིས་གོ་གནས་སྤྲད་ནས་སྒེར་པ་སྐུ་དྲག་གི་གདན་ཐོབ་བྱུང་བའི་དུད་ཚང་ཧ་ལམ་བཞི་བརྒྱ་ཡས་མས་ཡོད་ནའང་འགའ་ཞིག་མི་ཤི་ཁྱིམ་སྟོངས་སུ་གྱུར་པ་དང་། འགའ་ཞིག་རྒྱུ་ནོར་གཞུང་བཞེས་བཏང་བ། འགའ་ཞིག་ཆབ་སྲིད་འཐབ་རྩོད་ནང་གནས་དབྱུང་བཏང་སྟེ་སྐུ་དྲག་ནས་མི་སེར་དུ་ཕབ་པ་བཅས་ཀྱི་རྐྱེན་པས་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་བོད་ས་གནས་སྲིད་གཞུང་ཁོངས་སུ་སྒེར་པ་སྐུ་དྲག་དུད་ཚང་བརྒྱ་དང་དགུ་བཅུ་གོ་བདུན་མ་གཏོགས་ལྷག་མེད། དེ་ཁོངས་སུ་སྒེར་པ་སྐུ་དྲག་ཆེ་གྲས་དུད་ཚང་ཉི་ཤུ་རྩ་ལྔ་དང་། སྒེར་པ་སྐུ་དྲག་འབྲིང་གྲས་དུད་ཚང་ཉི་ཤུ་རྩ་དྲུག་སྒེར་པ་སྐུ་དྲག་ཆུང་གྲས་དུད་ཚང་བརྒྱ་དང་བཞི་བཅུ་ཞེ་དྲུག་བཅས་ཡོད། རྒྱུད་འཛིན་སྐུ་དྲག་དུད་ཚང་རེར་གཞིས་ཀ་གཅིག་ནས་བཅུ་ཕྲག་ཁ་ཤས་བར་དང་། ས་ཞིང་སོན་ཁལ་བརྒྱ་ཕྲག་སྟོང་ཕྲག་ནས་ཁྲི་ཕྲག་ཁ་ཤས་བར་དབང་ཡོད་པ་དཔེར་ན། སྒེར་པ་ཆེན་པོ་རྡོ་རིང་དུད་ཚང་གཅིག་པུས་ས་ཞིང་སོན་ཁལ་བཞི་ཁྲི་ལྷག་ཙམ་བཟུང་ཡོད། འབྲོག་ཁུལ་གྱི་རྒྱུད་འཛིན་སྟོང་དཔོན་ཡང་སྐུ་དྲག་གི་གྲས་སུ་གཏོགས། ཆབ་མདོ་དང་འབྲོག་ཁུལ་ས་ཆ་ཁ་ཤས་ལ་ད་དུང་རྒྱུད་འཛིན་དཔོན་ཁག་གཅིག་ཡོད་པ་དཔེན་ན། ལྡིང་དཔོན་དང་། བརྒྱ་དཔོན་སོགས་དཔོན་རིགས་ཀྱིས་ས་གནས་དེ་གའི་བླ་བྲང་དང་རྫོང་གི་འགོ་འཛིན་འོག་ཡུལ་སྡེ་ཆུང་གྲས་འདྲ་བདག་བཟུང་བྱེད་ཀྱི་ཡོད་པས་ཁོ་ཚོར་ས་ཞིང་དང་ཕྱུགས་ཟོག་ངེས་ཅན་ཞིག་དབང་བ་མ་ཟད། དམིགས་བསལ་དབང་ཆ་ཡང་གང་ཙམ་ཞིག་སྤྱོད་རྒྱུ་ཡོད། ས་གནས་སྲིད་གཞུང་གིས་ཁོ་ཚོར་སྒེར་པ་སྐུ་དྲག་ཏུ་མི་བརྩི་རུང་དོན་དངོས་ཐོག་སྒེར་པ་སྐུ་དྲག་ཆུང་གྲས་དང་ཁྱད་པར་མེད།

language:
Tibetan

2. Thupten Phuntsok Dictionary

དེ་ཡང་ས་ཞིང་དང་མི་སེར་བཅས་པ་སྒེར་ལ་དབང་མཁན་མི་དྲག་ཆེ་ཆུང་སྤྱིའི་མིང་ཡིན་ནོ། །

language:
Tibetan