- ngag dbang thub bstan rgya mtsho
- ID:
- T228904
- ངག་དབང་ཐུབ་བསྟན་རྒྱ་མཚོ (Tibetan, Tibetan script, Original)
- > ngag dbang thub bstan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngawang tubten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་མདོ་སྨད་རྨ་ཆུ་ལྷོ་རྒྱུད་དུ་ཁ་གྱའི་རུས་ཉང་འབན་ཁྱིམ་ཚང་དུ་ཡབ་མགོན་པོ་དོན་གྲུབ་དང་ཡུམ་སྒྲོལ་མ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་(༡༨༣༦)ལོར་འཁྲུངས། མཚན་འཇམ་དབྱངས་བསྟན་འཛིན་དུ་གསོལ། དགུང་ལོ་བདུན་ལ་བཀྲ་ཤིས་འཁྱིལ་གདན་སར་ཆོས་ཞུགས་མཛད། སྐྱབས་མགོན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་ཐུབ་བསྟན་རྒྱ་མཚོར་གསོལ། དགུང་ལོ་བཅུ་གཅིག་ལ་འཇམ་དབྱངས་ཐུབ་བསྟན་ཉི་མའི་ས་ནས་ཆོས་གསན། རྗེ་ཤེས་རབ་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་བཅུ་དྲུག་ལ་ཕར་ཕྱིན་མཐའ་དཔྱོད་དང་པོ་དང་། གཉིས་པ། རྟེན་འབྲེལ། ཀུན་གཞི་སོགས་ཐུགས་འཛིན་མཛད། དགུང་ལོ་བཅུ་བདུན་ལ་དྲང་ངེས་དཀའ་འགྲེལ་དང་། གྲུབ་མཐའ་སོགས་ཐུགས་འཛིན་གནང་། དགུང་ལོ་ཉི་ཤུ་ལ་སྐྱབས་མགོན་མཆོག་གི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉི་ཤུ་རྩ་དྲུག་ལ་དཀའ་རམས་འཛིན་གྲྭར་ཕེབས། དེའི་ཕྱི་ལོར་དཀའ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་བཞི་བཅུ་པར་རྒྱ་ནག་པེ་ཅིན་དུ་ཕེབས། སྟོང་འཁོར་སྤྲུལ་སྐུ་དང་། ཁྲི་རྒྱ་ནག་པའི་སྤྲུལ་སྐུ་རྣམ་གཉིས་དང་མཇལ། དགུང་ལོ་བཞི་བཅུ་ཞེ་བཞི་ལ་དབུས་སུ་ཕེབས་ནས་སེ་འབྲས་དགེ་གསུམ་ལ་བསྙེན་བཀུར་ཞུས། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དང་ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་གཉིས་ལ་མཇལ་ཁ་ཞུས། སྣར་ཐང་བསྟན་འགྱུར་ཆ་ཚང་བླུ་ཡོན་ཞུས་ཏེ་རང་དགོན་དུ་གདན་དྲངས། དགུང་ལོ་ཞེ་དྲུག་ལོར་གསང་སྔགས་དར་རྒྱས་གླིང་གི་ཁྲི་པ་མཛད། ཕྱག་རྩོམ<<དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་གསང་གསུམ་རྒྱན་གྱི་སྣང་བ>><<མི་ཏྲའི་དབང་གི་ཕྱག་ལེན་གསལ་བར་བཀོད་པ་གསང་ཆེན་བདུད་རྩིའི་སྒོ་འབྱེད>><<འཇམ་ཆོག་བྱིན་རླབས་བདུད་རྩི་འཛགས་པའི་ཟླ་ཤེལ>>སོགས་པོད་འབྲིང་བཞི་ཙམ་མཛད། དགུང་ལོ་ང་བཞི་པ་རབ་བྱུང་བཅོ་ལྔ་པའི་ས་གླང་(༡༨༨༩)ལོར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་མདོ་སྨད་རྨ་ཆུ་ལྷོ་རྒྱུད་དུ་ཁ་གྱའི་རུས་ཉང་འབན་ཁྱིམ་ཚང་དུ་ཡབ་མགོན་པོ་དོན་གྲུབ་དང་ཡུམ་སྒྲོལ་མ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྤྲེལ (༡༨༣༦) ལོར་འཁྲུངས། མཚན་འཇམ་དབྱངས་བསྟན་འཛིན་དུ་གསོལ། དགུང་ལོ་བདུན་ལ་བཀྲ་ཤིས་འཁྱིལ་གདན་སར་ཆོས་ཞུགས་་མཛད། ཕྱག་རྩོམདཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་གསང་གསུམ་རྒྱན་གྱི་སྣང་བ》སོགས་མཛད། དགུང་ལོ་ང་བཞི་པ་རབ་བྱུང་བཅོ་ལྔ་པའི་ས་གླང (༡༨༨༩) ལོར་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1836 ལོར་དེང་ཀན་ལྷོའི་ཞཱ་ཧོ (བསང་ཆུ) རྫོང་ལ་གཏོགས་པའི་ཁ་གྱ་སྟོད་མ་ཞང་གི་ཁ་གྱའི་འབོ་ར་ཞེས་པའི་སྡེ་གྲོང་དུ་ཡབ་མགོན་པོ་དོན་གྲུབ་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ 1889 ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མཚན་ལ་འཇམ་དབྱངས་བསྟན་འཛིན་ཞེས་འབོད། དགུང་ལོ་དྲུག་པར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། བསམ་གཏན་རྒྱ་མཚོའི་མདུན་ནས་ཡི་གེའི་འབྲི་ཀློག་དང་ཆོ་ག་ཕྱག་ལེན་བཅས་ལ་ལེགས་པར་སྦྱངས། དགུང་ལོ་བདུན་པར་གདན་ས་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རང་སྒར་གྱི་གདན་སར་འཁོད་ཅིང་། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་ངག་དབང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། དེ་ནས་ཐོས་གླིང་གི་གྲྭ་ཚང་དུ་ཞུགས་ཏེ་བསྡུས་གྲྭ་དང་། ལེགས་བཤད་སྙིང་པོ། འགྲེལ་ཆུང་དོན་གསལ་རྣམས་ལ་སྦྱངས་ཏེ་ཀུན་མཁྱེན་མཆོག་གི་མདུན་ནས་བསྙེན་པར་རྫོགས། དགུང་ལོ་ཞེ་བཞི་[439]བར་དབུས་གཙང་དུ་ཕེབས་ཏེ། དགོན་གནས་སོ་སོ་ལ་ཕྱག་མཆོད་མང་འགྱེད་རྒྱ་ཆེར་ཕུལ། རྒྱལ་པཎ་ཡབ་སྲས་མཇལ་ཞིང་བཀའ་ཆོས་མང་དུ་ཞུས། དགུང་ལོ་ཞེ་ལྔ་བར་མདོ་སྨད་དུ་ཕེབས་ཏེ་བཀྲ་ཤིས་སྒོ་མང་གི་མཁན་པོ་མཛད་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཚུལ་འདི་ལ་སྐབས་དེའི་མཁས་པའི་དབང་པོ་ཞང་སྟོན་རྡོ་རྗེ་འཆང་བསྟན་པ་རྒྱ་མཚོས་ “དགག་སྒྲུབ་གནང་གསུམ་རླབས་ཕྲེང་ཆེར་གཡོ་བའི། འདུལ་གཞུང་རྒྱ་མཚོའི་ཕ་རོལ་ལེགས་ཕྱིན་ཅིང་། སྒྲ་སྙན་སྡེབ་སྦྱོར་ཐ་སྙད་རིག་པའི་གཞུང་། མ་ལུས་ཀུན་བྱང་ཆུབ་ལ་གསོལ་བ་འདེབས། ཞེས་དང་། རྣམ་དཔྱོད་ཐོགས་པ་མེད་པའི་ནམ་མཁའི་ཀློང་། སྦྱངས་སྟོབས་ཡོན་ཏན་སྤྲིན་སྔོན་རོལ་བ་ལས། ལེགས་བཤད་དབྱར་རྔ་དལ་གྱིས་རྒོད་པ་ཡིས། མཁས་དགུའི་ཡིད་རབ་འཕྲོག་ལ་གསོལ་བ་འདེབས།” ཞེས་བསྔགས་པ་ནི་དོན་ལ་གནས་སོ། ཁོང་གི་གསུང་རྩོམ་ནི་གཞུང་འགྲེལ་དང་། རྣམ་ཐར། གསོལ་འདེབས། བསྟོད་ཚོགས། བསླབ་བྱ། མགུར་མ། སྙན་ངག ཟིན་བྲིས། བྱང་ཆུབ་ལམ་རིམ་སོགས་བསྟན་བཅོས་བརྒྱད་ཅུར་ཉེ་བའི་པོ་ཏི་ལྔ་བཞུགས་སོ།
- language:
- Tibetan