Skip to main content Skip to search
dngul chu ngag dbang rdo rje
ID:
T229077
  • དངུལ་ཆུ་ངག་དབང་རྡོ་རྗེ (Tibetan, Tibetan script, Original)
    • > dngul chu ngag dbang rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngulchu ngawang dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བདག་ཉིད་ཆེན་པོ་འདི་ནི་བཀྲ་ཤིས་ཁང་གསར་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི ( ༡༧༢༠ ) ལོར་སྐུ་བལྟམས། མཚན་ལྷ་བཙན་རྡོ་རྗེ་ཞེས་གསོལ། སྐུ་ཆུང་ངུ་ནས་རབ་ཏུ་བྱུང་བ་ལ་ཐུགས་བློ་ཕྱོགས་པས་བཀྲས་དགེའི་སློབ་དཔོན་དགེ་འདུན་ཡར་འཕེལ་ལ་དབུ་སྐྲ་གཙུག་ཕུད་ཕུལ། མཚན་དགེ་འདུན་རྡོ་རྗེ་ཞེས་གནང་། དེ་ནས་བཟུང་ཡི་གེ་འབྲི་ཀློག་དང་ཆོས་སློབ་ལ་ཐུགས་བརྩོན་རྩེ་གཅིག་ཏུ་འཁྲུངས་པས་བདེ་བླག་ངང་མཁྱེན་སྟོབས་རབ་ཏུ་རྒྱས། ཆོས་རྗེ་ངག་དབང་དར་པོའི་དྲུང་དུ་དགེ་ཚུལ་བསྒྲུབས་པས་མཚན་ངག་དབང་རྡོ་རྗེ་ཞེས་གསོལ། དེ་ལྟར་མཚན་ལན་གསུམ་བྱུང་བར་རྡོ་རྗེའི་སྒྲ་མ་འགྱུར་བ་དེ་ཚེ་རིང་པོར་གནས་པའི་རྟེན་འབྲེལ་ཡིན་གསུངས། བཞད་དགེ་འཕེལ་དུ་གསན་སྦྱོང་ཡུན་རིང་མཛད། མདོ་སྔགས་ཀྱི་གཞུང་ལུགས་ཐོས་བསམ་རྒྱ་ཆེ་བས་མཁས་པའི་སྙན་གྲགས་རྒྱས། རྗེ་གང་གི་ཐུགས་སྲས་དངུལ་ཆུ་དྷརྨ་བྷ་ཊས་དབུས་སློབ་མ་མང་དག་ལ་རབ་བྱུང་གི་སྡོམ་པ་དང་། མདོ་སྔགས་ཀྱི་ཟབ་ཆོས་བུམ་པ་གང་བྱོས་སུ་གནང་། སྐུ་ཚེ་ཕལ་ཆེ་བ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་ལེན་གྱི་རྟོགས་པ་རྒྱས། བཀའ་རྩོམ་ཡང་ <<ཐུབ་བསྟན་རིན་པོ་ཆེ་ལ་ལོག་པར་སྤྱོད་པ་ཅུང་ཟད་སུན་འབྱིན>> ཞེས་བྱ་བ་དང་། <<བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད>><<བོད་ཀྱི་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང>>འདུལ་བའི་ཆོ་ག་ལས་དེང་དུས་མཁོ་བ་འགའ་ཞིག་ཟུར་དུ་བཀོད་པ། ཡི་དམ་ཆེན་པོ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་བསྒོ་བྱ་ཚུལ་སོགས་མང་དུ་མཛད། མཐར་དགུང་ལོ་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག (༡༨༠༣ ) ལོར་དགོངས་པ་གཞན་དོན་དུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

བདག་ཉིད་ཆེན་པོ་འདི་ནི་བཀྲ་ཤིས་ཁང་གསར་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི (༡༧༢༠) ལོར་སྐུ་བལྟམས། ཆོས་རྗེ་ངག་དབང་དར་པོའི་དྲུང་དུ་དགེ་ཚུལ་བསྒྲུབས་པས་མཚན་ངག་དབང་རྡོ་རྗེ་ཞེས་གསོལ། དེ་ལྟར་མཚན་ལན་གསུམ་བྱུང་བར་རྡོ་རྗེའི་སྒྲ་མ་འགྱུར་བ་དེ་ཚེ་རིང་པོར་གནས་པའི་རྟེན་འབྲེལ་ཡིན་གསུངས། བཞད་དགེ་འཕེལ་དུ་གསན་སྦྱོང་ཡུན་རིང་མཛད། མདོ་སྔགས་ཀྱི་གཞུང་ལུགས་ཐོས་བསམ་རྒྱ་ཆེ་བས་མཁས་པའི་སྙན་གྲགས་རྒྱས། བཀའ་རྩོམ་ཡངཐུབ་བསྟན་རིན་པོ་ཆེ་ལ་ལོག་པར་སྤྱོད་པ་ཅུང་ཟད་བསུན་འབྱིན》ཞེས་བྱ་བ་སོགས་མང་དུ་མཛད། མཐར་དགུང་ལོ་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག (༡༨༠༣) ལོར་དགོངས་པ་གཞན་དོན་དུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1720 ལོར་གཙང་གྲོ་འཁོར་བཀྲ་ཤིས་ཁང་གསར་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ 1802 ལོར་སྐུ་གཤེགས། ཁོང་སྐུ་ན་ཆུང་དུས་མིང་ལ་ལྷ་བཙན་རྡོ་རྗེ་ཞེས་ཞུ། དེ་ནས་བཀྲ་ཤིས་དགེ་འཕེལ་གླིང་གི་སློབ་དཔོན་དགེ་འདུན་ཡར་འཕེལ་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་དགེ་འདུན་རྡོ་རྗེ་ཞེས་གསོལ། དེ་རྗེས་ཆོས་རྗེ་ངག་དབང་དར་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་མཚན་ལ་ངག་དབང་རྡོ་རྗེ་ཞེས་གསོལ། དེ་ལྟར་མཚན་ལན་གསུམ་བྱུང་ཡང་རྡོ་རྗེའི་སྒྲ་མ་བསྒྱུར་བ་དེ་ཚེ་རིང་ཕོ་གནས་པའི་རྟེན་འབྲེལ་ཡིན་གསུངས། བཞད་དགེ་འཕེལ་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ཁག་ལ་རིམ་པ་བཞིན་དུ་སྦྱངས་པ་མཛད། ཁོང་གི་ཐུགས་སྲས་[452]དངུལ་ཆུ་དྷརྨ་བྷ་གསར་རབ་བྱུང་གི་སྡོམ་པ་གནང་བ་དང་། མདོ་སྔགས་ཀྱི་ཟབ་ཆོས་ཐམས་ཅད་ཀྱང་བུམ་པ་གང་བྱོའི་ཚུལ་དུ་གནང་པར་མཛད། སྐུ་ཚེ་ཕལ་ཆེར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དགུང་ལོ་བརྒྱད་ཅུ་གྱ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི《འདུལ་བའི་ཆོ་ག་ལས་དེང་དུས་མཁོ་བ་འགའ་ཞིག་ཟུར་དུ་བཀོད་པ》དང་། 《ལྷ་ཆོས་དང་མི་ཆོས་འབྲེལ་བའི་བསླབ་བྱ་ནོར་བུ་ཕྲེང་བ》། 《བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད》། 《བོད་ཀྱི་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང》བཅས་ཆོས་ཚན་བཅུ་གཉིས་ལོངས་པའི་པོ་ཏི་གཅིག་བཞུགས་སོ། །

language:
Tibetan