Skip to main content Skip to search
co ne grags pa bshad sgrub
ID:
T229468
  • ཅོ་ནེ་གྲགས་པ་བཤད་སྒྲུབ (Tibetan, Tibetan script, Original)
    • > co ne grags pa bshad sgrub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > cho né drakpa shedrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མདོ་སྨད་ཅོ་ནེ་དཔོན་གྱི་མངའ་འོག་ཐུའུ་ཇུའི་ཡུལ་གྱི་བྱེ་བྲག་གཡོ་སའམ་རབ་པོ་ཞེས་པར་ཡབ་སྐྱབས་འབུམ་དང་ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ (༡༩༧༥) ལོར་འཁྲུངས། དགུང་ལོ་བདུན་ལ་ཁྲི་ཆེན་དགེ་འདུན་གྲགས་པའི་དྲུང་ནས་ཡི་གེ་འབྲི་ཀློག་སློབ་པའི་དབུ་ཚུགས། དགུང་ལོ་དགུ་ལ་རྗེ་དེའི་དྲུང་ནས་རབ་ཏུ་བྱུང་། དགུང་ལོ་ཉེར་གཉིས་སྟེང་སེ་ར་སྨད་ཐོས་བསམ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། དགུང་ལོ་སོ་གཉིས་སྟེང་ཅོ་ནེ་དགོན་པ་རུ་ཕྱིར་ཕེབས་ནས་མཚན་ཉིད་གྲྭ་ཚང་ཞིག་གསར་དུ་བཙུགས། བསྟན་བཅོས་མང་དག་བཀའ་རྩོམ་མཛད། དགུང་ལོ་རེ་གཉིས་བར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་མཐར་དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ (༡༧༤༩) ལོ་ལ་སྐུ་གཤེགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1675 ལོར་མདོ་སྨད་ཅོ་ནེའི་གཡོ་ས་ནས་ཡབ་གཟུངས་འབུམ་སྐྱབས་དང་ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1748 ལོར་སྐུ་གཤེགས། དགུང་ལོ་བདུན་པ་ནས་བཟུང་ཡབ་ཀྱི་རྗེས་འབྲངས་ཏེ་ཡི་གེའི་འབྲི་ཀློག་དང་འདོན་ཆ་ཁོལ་ཕྱུང་ལ་སྦྱངས། དགུང་ལོ་དགུ་བར་ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་དུ་ཁྲི་ཆེན་དགེ་འདུན་གྲགས་པ་ལས་རབ་ཏུ་བྱུང་། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་སེ་རའི་གྲྭ་ཚང་གི་ཆོས་གྲྭར་ཞུགས། དེ་ནས་བཀྲ་ཤིས་དཔལ་བཟང་དགེ་རྒན་དུ་བསྟེན་ནས་རྒྱན་འཇུག་གཉིས་དང་བསྡུས་དཔེ་མང་པོར་སྦྱངས་ཤིང་བློར་འཛིན་བྱས། དགུང་ལོ་སུམ་ཅུ་པར་ལྷ་རམས་པའི་མཚན་རྟགས་བྱུང་ཞིང་ཕྱི་ལོའི་སྨོན་ལམ་ལ་དམ་བཅའ་འཇོག་རྩིས་ཡོད་ཀྱང་ལོ་དེར་དབུས་སུ་འཁྲུགས་པ་བྱུང་ནས་སོག་པོའི་རྒྱལ་པོ་ལྷ་བཟང་གིས་བོད་ཀྱི་སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོ་བཀྲོངས། སྐབས་དེར་དགའ་ལྡན་ཕོ་བྲང་གིས་སྡེ་སྲིད་ལ་དགོངས་རྫོགས་རྒྱ་ཆེན་པོ་མཛད་དགོས་པའི་བཀའ་གནང་བས་དབུས་ཕྱོགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་ཁྲི་ཕྲག་ཉིས་གསུམ་ལྷག་ལོ་དེའི་ཟླ་བ་བརྒྱད་པར་ལྷ་སར་འཚོགས་ཏེ་བསྙེན་བཀུར་བྱས། སྨོན་ལམ་ལྟར་གྲྭ་སྐོར་ཞིང་མི་གདགས་དགོས་ཚུལ་གཞུང་གི་བཀའ་ཕེབས་བཞིན་ཚོགས། ཁོང་གིས་དགེ་[486]རྒན་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་ལྟར་སེ་ར་ནས་དམ་བཅའ་བཞག་པས་མིང་རྟགས་ལེགས་པར་ཐོབ། དགུང་ལོ་སོ་གཅིག་པར་གཙང་དུ་ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། རྒྱུད་སྟོད་ཀྱི་ཆོས་གྲྭར་ཞུགས། ཡུན་རིང་མ་འགོར་བར་དབུས་སུ་ཕེབས་ཏེ་དགའ་ལྡན་དང་འབྲས་སྤུངས་བཅས་ནས་དམ་བཅའ་བཞག་པས་དགེ་འདུན་པ་ཚང་མ་མཚར་བ་བྱུང་། དགུང་ལོ་སོ་གཉིས་པར་རང་ཡུལ་དུ་ཕེབས་ཏེ་ཅོ་ནེ་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་གི་བླ་མར་གྱུར། དེ་ནས་རིམ་བཞིན་དགོན་ཆེན་གྱི་རྒྱུད་པ་གྲྭ་ཚང་གི་མཁན་པོ་དང་། ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་གི་མཁན་པོ་ངག་དབང་འཕྲིན་ལས་རྒྱ་མཚོ། ཅོ་ནེ་དཔོན་པོ་གདུང་རབས་བཅུ་གཅིག་པ་འཇམ་དབྱངས་ནོར་བུ་སོགས་ཀྱི་རྩ་བའི་བླ་མར་གྱུར། དགུང་ལོ་རེ་གཉིས་པར་དགོངས་པ་ཞུས་ཏེ་ཅོ་ནེའི་ཆོས་སྲིད་ཟུང་གི་འགན་ཁུར་གྲུབ་སྟེ་རང་ཤག་ཏུ་ལོ་བཅུ་ཙམ་ལ་འཆད་མཉན་མཛད་དོ། ཁོང་གི་གསུང་རྩོམ་ནི་པོ་ཏི་བཅུ་གཅིག་ཏུ་བསྡུས་ཡོད་པས་ད་ལྟ་མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་དུ་བཞུགས། ད་དུང་བོན་ཆོས་སྐོར་གྱི་དཔེ་ཆ་འགའ་བརྩམས་ཡོད་ཀྱང་ཤིང་པར་དུ་བརྐོས་ཡོད་མེད་ཆ་མ་འཚལ། །

language:
Tibetan