- lcags thang rab 'byams pa byams pa bsod nams
- ID:
- T229626
- ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས (Tibetan, Tibetan script, Original)
- > lcags thang rab 'byams pa byams pa bsod nams (Tibetan, Latin script, Transliteration-THL Extended Wylie Transliteration)
- > chak tang rabjam pa jampa sönam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་བརྒྱད་པའི་ཤིང་རྟ(༡༤༧༤)ལོར་གཙང་ལྕགས་ཐང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སངས་རྒྱས་གླིང་དུ་བསོད་ནམས་ལེགས་པ་དང་འཆད་དཀའ་བཅུ་པས་མཁན་སློབ་མཛད་དེ་རབ་ཏུ་བྱུང་། དེ་ནས་ལོ་བརྒྱད་རིང་མདོག་ཆོས་འཁོར་སྒང་དུ་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་གཉིས་ལས་རིགས་པའི་ཤེས་བྱ་ལེགས་པར་སྦྱངས། དགུང་ལོ་བཅུ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་ཆོས་གྲྭར་འཇམ་དབྱངས་འཕགས་མཆོག་ཀླུ་སྒྲུབ་ལས་གྲངས་ཆེན་བཅོ་བརྒྱད་ཀྱི་ལེགས་བཤད་དང་། གསུང་ངག་སོགས་སྔགས་ཀྱི་ཟབ་གནད་ལོ་བརྒྱད་རིང་གསན་སྦྱོང་དང་། པཎ་ཆེན་འབུམ་ཕྲག་གསུམ་པ་ལ་གསུང་ངག་ཤངས་པ་བཀའ་བརྒྱུད། རས་ཆུང་སྙན་བརྒྱུད་སོགས་་ཀྱི་ཟབ་ཁྲིད་གསན། དགུང་ལོ་ཉེར་ལྔ་དང་ཉེར་དྲུག་པ་ལ་དཔལ་འཁོར་བདེ་ཆེན་དང་རྩེདཐང་དུ་གཞུང་ལུགས་བཅུ་དྲུག་ལ་ལེགས་བཤད་ཀྱི་སྐྱེས་ཕུལ། དགུང་ལོ་ཉེར་དགུ་པ་མདོག་ཡ་ག་ཆོས་སྡིངས་སུ་བྱམས་པ་དཀོན་མཆོག་དཔལ་སོགས་ལས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་ནས་ལོ་གསུམ་རིང་གསང་ཕུ་བ་ཆོས་གྲགས་ཀྱིས་མཁན་པོ་དང་རྗེ་འདིས་སློབ་དཔོན་མཛད། དགུང་ལོ་སོ་དགུ་པ་ཆུ་སྤྲེལ(༡༥༡༢)ལོར་དཔལ་འབུམ་ཕྲག་གསུམ་པའི་རྒྱལ་ཚབ་ཏུ་མངའ་གསོལ། དགུང་ལོ་རེ་བཞི་བར་གདན་ས་བསྐྱངས། དེ་བར་མདོ་ཕྱོགས་ཀྱི་འཆད་ཉན་ཁོ་ནས་བསྟན་པ་རིན་པོ་ཆེ་གསལ་བར་མཛད། དགུང་ལོ་རེ་བཞི་པ་མེ་བྱ(༡༥༣༧)ལོར་པཎ་ཆེན་བཟང་པོ་བཀྲ་ཤིས་ལ་གདན་ས་གཏད་དེ་བཟའ་བྲག་ཕུག་ཏུ་བཞུགས། རེ་ལྔ་པ་ས་ཁྱི(༡༥༣༨)ལོར་ཆོས་རྒྱལ་ཚེ་དབང་རྡོ་རྗེས་དཔལ་ངམ་རིངས་ཀྱི་མཁན་པོར་མངའ་གསོལ། མདོར་ན་འཆད་པ་ཁོ་ནས་བསྟན་པ་སྤེལ་བ་ལ་རོ་སྟོན་གྱི་རྗེས་སུ་ཀུན་མཁྱེན་འདི་ཉིད་བཀའ་དྲིན་ཆེ་བར་གྲགས། གསུང་ལས་སྐྱེས་པའི་སློབ་མ་ཡང་། པཎ་ཆེན་བཟང་པོ་བཀྲ་ཤིས། འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ། སྐྱིད་གཤོངས་པ་ཆེན་པོ་བླ་གྲོས་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རྒྱལ་མཚན། འཛམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། ལྔ་རིག་བཀྲ་ཤིས་ཆོས་འཕེལ། གདན་གཅིག་པ་ཤཱཀྱ་མཚོ། མཁས་མཆོག་གྲགས་པ་བཟང་པོ། འཇམ་མགོན་དཔལ་ལྡན་བཀྲ་ཤིས་ཀྱིས་གཙོས་ཤིན་ཏུ་མང་པོ་བྱུང་ངོ། །མཐར་དགུང་གྲངས་རེ་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་ལྕགས་བྱི(༡༥༤༠)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་བརྒྱད་པའི་ཤིང་རྟ (༡༤༧༤) ལོར་གཙང་ལྕགས་ཐང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སངས་རྒྱས་གླིང་དུ་བསོད་ནམས་ལེགས་པ་དང་འཆད་དཀའ་བཅུ་པས་མཁན་སློབ་མཛད་དེ་རབ་ཏུ་བྱུང་། དེ་ནས་ལོ་བརྒྱད་རིང་མདོག་ཆོས་འཁོར་སྒང་དུ་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་གཉིས་ལས་རིག་པའི་ཤེས་བྱ་ལེགས་པར་སྦྱངས། དགུང་ལོ་སོ་དྲུག་ནས་ལོ་གསུམ་རིང་གསང་ཕུ་བ་ཆོས་གྲགས་ཀྱིས་མཁན་པོ་དང་རྗེ་འདིས་སློབ་དཔོན་མཛད། དགུང་ལོ་སོ་དགུ་པ་ཆུ་སྤྲེལ (༡༥༡༢) ལོར་དཔལ་འབུམ་ཕྲག་གསུམ་པའི་རྒྱལ་ཚབ་ཏུ་མངའ་གསོལ། དགུང་ལོ་རེ་བཞི་བར་གདན་ས་བསྐྱངས། མཐར་དགུང་གྲངས་རེ་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་ལྕགས་བྱི (༡༥༤༠) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1474 ལོར་གཙང་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1540 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཅིག་པར་སངས་རྒྱས་གླིང་དུ་བསོད་ནམས་ལེགས་པ་དང་འཆད་དཀའ་བཅུ་པ་གཅིག་ལས་རབ་ཏུ་བྱུང་ཞིང་བཀའ་ཆོས་གསན། དེ་ནས་མདོག་ཆོས་འཁོར་སྒང་དུ་ཕེབས་ཏེ་ཤཱཀྱ་རྒྱལ་མཚན་དང་བློ་གྲོས་རྒྱལ་མཚན་གཉིས་ལ་བསྟེན་ནས་ཚད་མ་སོགས་ལ་ཐོས་བསམ་ནན་ཏན་དུ་མཛད། དགུང་ལོ་བཅུ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་སུ་བྱོན་ཏེ་འཇམ་དབྱངས་འཕགས་མཆོག་ཀླུ་སྒྲུབ་ལས་གྲངས་ཆེན་བཅོ་བརྒྱད་ཀྱི་ལེགས་བཤད་དང་། གསུང་ངག་སོགས་ཟབ་རྒྱས་ཆོས་ཀྱི་མན་ངག་འབུམ་ཕྲག་གསུམ་པ་ལས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་། རས་ཆུང་སྙན་[524]བརྒྱུད་སོགས་ཀྱི་ཟབ་ཁྲིད་ལེགས་པར་གསན། དགུང་ལོ་ཉེར་ལྔ་པར་དཔལ་འཁོར་བདེ་ཆེན་དང་། ཉེར་དྲུག་པར་རྩེས་ཐང་དུ་གཞུང་ཆེན་བཅུ་བདུན་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་དགུ་པར་མདོག་ཡ་ག་ཆོས་སྡིངས་སུ་བྱོན་ནས་བྱམས་པ་དཀོན་མཆོག་དཔལ་བ་དང་། དབོན་བརྩོན་འགྲུས་རྒྱ་མཚོ། མཚུངས་མེད་དཔལ་འབྱོར་གསུམ་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་གསན། དགུང་ལོ་སོ་དགུ་པར་མཉན་ཡོད་བྱ་རྒོད་གཤོངས་ཀྱི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ཉི་ཤུ་རྩ་དྲུག་གི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་སྲིད་གཉིས་ཀྱི་སྒོ་ནས་དགོན་པ་དར་བར་མཛད། དགུང་ལོ་དྲུག་ཅུ་རེ་བཞི་པར་པཎ་གྲུབ་བཟང་པོ་བཀྲ་ཤིས་ལ་གདན་ས་གཏད་ནས་ཟུར་བཞུགས་མཛད། དགུང་ལོ་རེ་ལྔ་པར་ཆོས་རྒྱལ་ཚེ་དབང་རྡོ་རྗེས་ངམ་རིང་གི་མཁན་པོར་མངའ་གསོལ་ཞིང་འཆད་ཉན་མཛད་མུར་དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པཎ་གྲུབ་བཟང་པོ་བཀྲ་ཤིས། འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ། སྐྱིད་གཤོངས་པ་བློ་གྲོས་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རྒྱལ་མཚན། འཛམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། ལྔ་རིག་བཀྲ་ཤིས་ཆོས་འཕེལ། གདན་གཅིག་པ་ཤཱཀྱ་རྒྱ་མཚོ། མཁས་མཆོག་གྲུབ་པ་བཟང་པོ། འཇམ་མགོན་དཔལ་ལྡན་བཀྲ་ཤིས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་བཅས་ཡིན་ནོ། །
- language:
- Tibetan