Skip to main content Skip to search
lcang lung khri rgan 'jam dbyangs thub bstan rgya mtsho
ID:
T229654
  • ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ (Tibetan, Tibetan script, Original)
    • > lcang lung khri rgan 'jam dbyangs thub bstan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chang lung tri gen jamyang tubten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྕང་ལུང་ཁྲི་རྒན་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ནི། མདོ་སྨད་རྨ་ཆུ་ལྷོ་རྒྱུད་ཀྱི་རྩེ་གཞུང་སེང་གེའི་ལྷ་ཞོལ་གྱི་ཆར་གཏོགས་དགོན་ཤུལ་ཞེས་པའི་ཚོ་པར་ཡབ་སྐར་མ་དང་ཡུམ་མཚོ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྟག(༡༨༦༦)ལོར་སྐུ་འཁྲུངས། མཚན་གུར་མགོན་སྐྱབས་ཞེས་གསོལ། དགུང་ལོ་དྲུག་པ་ལྕགས་ལུག(༡༨༧༡)ལོར་རོང་པོ་དགོན་ཆེན་དུ་སྐུ་གོང་མའི་བཞུགས་གནས་ཀྱི་ཁྲིར་བཀོད། ལྷ་སྡེ་དགེ་འདུན་ཡོན་ཏན་ལས་ཀློག་དང་ཆོས་སྤྱོད་ཀྱི་རིགས་ཚེགས་མེད་པར་ཐུགས་སུ་ཆུད། དགུང་ལོ་བརྒྱད་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱ(༡༨༧༣)ལོར་མཁན་ཆེན་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས། མཚན་འཇམ་དབྱངས་བསྟན་འཛིན་རྒྱ་མཚོར་གསོལ། ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་དབང་ལུང་མང་དུ་གསན། བཅུ་གཅིག་པར་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་རྩོད་གྲྭར་བཞུགས། དགེ་བའི་བཤེས་གཉེན་དགེ་འདུན་བསྟན་འཛིན་ཡོངས་འཛིན་དུ་བསྟེན། གཞན་མཁན་ཆེན་ཡོངས་འཛིན་དགེ་འདུན་འོས་ཟེར་དང་དགེ་བཤེས་སྐྱི་རམས་པ་སོགས་ལ་དཔེ་ཁྲིད་ཅི་རིགས་ཞུས། དགུང་ལོ་བཅུ་དགུ་པ་ཤིང་སྤྲེལ(༡༨༨༤)ལོར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོས་མཁན་སློབ་སྦྲགས་མ་དང་། ཀུན་སྤངས་འདུལ་འཛིན་ཆེན་པོ་དགོན་རོང་ཚུལ་ཁྲིམས་རྒྱ་མཚོས་གསང་སྟེ་སྟོན་པའི་སློབ་དཔོན་མཛད་དེ་དགེ་སློང་གི་དངོས་པོར་བསྒྲུབས་ཤིང་མཚན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོར་གསོལ། དགུང་ལོ་ཉེར་གསུམ་པ་ནས་རྡོ་རྗེ་འཆང་དགེ་འདུན་་བསྟན་འཛིན་རྒྱ་མཚོ་དང་། བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ། གྲུབ་ཆེན་འཇིགས་མེད་བསམ་གཏན། རྭ་རྒྱའི་སྤྲུལ་སྐུ་བློ་བཟང་ཚུལ་་ཁྲིམས་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་ཟབ་གསང་ཆོས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་བཀང་། དགུང་ལོ་ཉེར་དགུ་པར་གདན་ས་ཆེན་པོའི་མཁན་ཁྲིར་བཞུགས་ཏེ་གདུལ་བྱ་མཐའ་ཡས་པའི་དོན་མཛད། སོ་ལྔ་པར་དཔལ་ལྡན་རྒྱུད་པ་གྲྭ་ཚང་གསང་སྔགས་བང་མཛོད་གླིང་གི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད། དགུང་ལོ་ཞེ་གསུམ་པར་དབེན་གནས་དཀར་པོ་གཤོང་དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་། སློབ་མ་མཆོག་བཞི་སྟེ་ཨ་རོལ་བློ་བཟང་ལུང་རིགས་བསྟན་པའི་རྒྱལ་མཚན། བསེ་ཁྲི་རྒན་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ། རྫོང་དཀར་མ་ཎི་བ་བློ་བཟང་བཀྲ་ཤིས་ཆོས་འཕེལ་རྒྱ་མཚོ་གཡེར་གཤོང་སྔགས་ཆེན་པ་ངག་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་སོགས་ལ་ཟབ་ཆོས་བདུད་རྩིའི་ཆར་ཆེན་ཕབ། དགུང་ལོ་ང་གཉིས་ལ་ཕེབས་སྐབས་པཎྜི་ཏ་བློ་བཟང་དཔལ་ལྡན་དང་། དུས་ཞབས་པ་མཚོ་བྱུང་དགྱེས་པའི་དྲུང་ནས་རིག་གནས་སྙན་སུམ་སོགས་གསན། དགུང་ལོ་ང་དྲུག་པ་ཆུ་ཁྱི་ལོར་གདན་ས་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོ་ལ་མཁན་སློབ་སྦྲགས་མར་མཛད་དེ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ཕུལ། དགུང་ལོ་ང་བརྒྱད་པར་གདན་དར་འདུ་ཁང་གསར་བཞེངས་རབ་གནས་མཛད། བྲག་དཀར་རྡོ་རྗེ་རྪོང་དང་། དབེན་གནས་ཆོས་ཀྱི་ཕོ་བྲང་གི་གཞི་བཏིང་། དགུང་ལོ་ང་དགུར་ཕེབས་སྐབས་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་བརྩམས། དགུང་ལོ་དྲུག་ཅུ་ལ་ཉེ་བའི་སྐབས་རོང་པོ་སྐུ་ཕྲེང་བདུན་པའི་ཡོངས་འཛིན་མཛད། གསུང་རྩོམ་ལ་མཚོན་ན། <<སྡོམ་གསུམ་ཁ་སྐོང་སྐལ་བ་བཟང་པོའི་ལེགས་ལམ>>དང་། <<ཀིརྟིའི་རྣམ་ཐར་ཆེན་མོ>><<ཉེར་མཁོའི་ཁྲིད་ཡིག>>མང་པོ་རྣམས་གཅོ་བོར་གྱུར་པའི་པོད་བཅུ་བཞི་བརྒལ་བ་འཞུགས། མཐར་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་འབྲུག(༡༩༢༨)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

ལྕང་ལུང་ཁྲི་རྒན་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ནི། མདོ་སྨད་རམ་ཆུ་ལྷོ་རྒྱུད་ཀྱི་རྩེ་གཞུང་སེང་གེའི་ལྷ་ཞོལ་གྱི་ཆར་གཏོགས་དགོན་ཤུལ་ཞེས་པའི་ཚོ་པར་ཡབ་སྐར་མ་དང་ཡུམ་མཚོ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྟག (༡༨༦༦) ལོར་སྐུ་འཁྲུངས། མཚན་གུར་མགོན་སྐྱབས་ཞེས་གསོལ། དགུང་ལོ་དྲུག་པ་ལྕགས་ལུག (༡༨༧༡) ལོར་རོང་པོ་དགོན་ཆེན་དུ་སྐུ་གོང་མའི་གཞུགས་གནས་ཀྱི་ཁྲིར་བཀོད། ལྷ་སྡེ་དགེ་འདུན་ཡོན་ཏན་ལས་ཀློག་དང་ཆོས་སྤྱོད་ཀྱི་རིགས་ཚེགས་མེད་པར་ཐུགས་སུ་ཆུད། དགུང་ལོ་བརྒྱད་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱ (༡༨༧༣) ལོར་མཁན་ཆེན་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས། མཚན་འཇམ་དབྱངས་བསྟན་འཛིན་རྒྱ་མཚོར་གསོལ། ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་དབང་ལུང་མང་དུ་གསན། བཅུ་གཅིག་པར་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་རྩོད་གྲྭར་བཞུགས། དགུང་ལོ་ང་དགུར་ཕེབས་སྐབས་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་བརྩམས། དགུང་ལོ་དྲུག་ཅུ་ལ་ཉེ་བའི་སྐབས་རོང་པོ་སྐུ་ཕྲེང་བདུན་པའི་ཡོངས་འཛིན་མཛད། གསུང་རྩོམ་ལ་མཚོན་ན། སྡོམ་གསུམ་ཁ་སྐོང་སྐལ་བ་བཟང་པོའི་ལེགས་ལམ》དང་། ཀིརྟིའི་རྣམ་ཐར་ཆེན་མོ》ཉེར་འཁོའི་ཁྲིད་ཡིག》མང་པོ་རྣམས་གཙོ་བོར་གྱུར་པའི་པོད་བཅུ་བཞི་བརྒལ་བ་བཞུགས། མཐར་དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ས་འབྲུག (༡༩༢༨) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ 1866 ལོར་མདོ་སྨད་རྩེ་གཞུང་མགོན་ཤུལ་ཚོ་བར་ཡབ་སྐར་མ་དང་། ཡུམ་[532]འཚོ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1928 ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་གུར་མགོན་སྐྱབས་ཞེས་འབོད། དགུང་ལོ་དྲུག་པར་རོང་བོ་དགོན་ཆེན་སྐུ་གོང་མའི་བཞུགས་གནས་ཀྱི་ཁྲིར་བཀོད། ལྷ་སྡེ་དགེ་འདུན་ཡོན་ཏན་ལས་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་རིགས་ལ་ལེགས་པར་སྦྱངས། དགུང་ལོ་བརྒྱད་པར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་དབང་ལུང་མང་དུ་གསན། དགུང་ལོ་བཅུ་གཅིག་པར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་རྩོད་གྲྭར་ཞུགས། དགེ་བཤེས་དགེ་འདུན་བསྟན་འཛིན། མཁན་ཆེན་དགེ་འདུན་འོད་ཟེར། དགེ་བཤེས་སྐྱི་རམས་པ་སོགས་ཡོངས་འཛིན་དུ་བསྟེན་ནས་དཔེ་ཁྲིད་ཅི་རིགས་ཞུས། དགུང་ལོ་བཅུ་དགུ་པར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་བཞེས་ཏེ་མཚན་ལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་གསུམ་པར་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ། གྲུབ་ཆེན་འཇིགས་མེད་བསམ་གཏན། རྭ་རྒྱའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་ཟབ་གསང་ཆོས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་བཀང་། དགུང་ལོ་ཉེར་དགུ་བར་གདན་ས་ཆེན་པོའི་མཁན་ཁྲིར་བཞུགས་ཏེ་གདུལ་བྱ་མཐའ་ཡས་པའི་[533]དོན་མཛད། དགུང་ལོ་སོ་ལྔ་པར་རྒྱུད་པ་གྲྭ་ཚང་གསང་སྔགས་བང་མཛོད་གླིང་གི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད། དགུང་ལོ་ཞེ་གསུམ་པར་དབེན་གནས་དཀར་པོ་གཤོང་དུ་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ང་དྲུག་པར་གདན་ས་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས་ནས་སྐྱབས་མགོན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ཕུལ། དགུང་ལོ་ང་བརྒྱད་པར་གདན་སའི་འདུ་ཁང་གསར་བཞེངས་དང་རབ་གནས་མཛད། བྲག་དཀར་རྡོ་རྗེ་རྫོང་དང་དབེན་གནས་ཆོས་ཀྱི་ཕོ་བྲང་གི་གཞི་ལེགས་པར་བཏིངས་ནས་དགུང་ལོ་རེ་གསུམ་པ་འབྲུག་ལོར་བྱམས་པའི་མདུན་སར་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཨ་རོལ་བློ་བཟང་ལུང་རིགས་བསྟན་པའི་རྒྱལ་མཚན། བསེ་ཁྲི་རྒན་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ། རྫོང་དཀར་མ་ཎི་བ་བློ་བཟང་བཀྲ་ཤིས་ཆོས་འཕེལ་རྒྱ་མཚོ། གཡེར་གཤོང་སྔགས་ཆེན་ངག་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི《སྡོམ་གསུམ་ཁ་སྐོང་བསྐལ་བཟང་ལེགས་ལམ》དང་། 《ཀིརྟིའི་རྣམ་ཐར་ཆེན་མོ》 བཅས་པོད་བཅུ་བཞི་བརྒལ་བར་བཞུགས་སོ།།

language:
Tibetan