Skip to main content Skip to search
lcang lo can bsod nams rgyal po
ID:
T229660
  • ལྕང་ལོ་ཅན་བསོད་ནམས་རྒྱལ་པོ (Tibetan, Tibetan script, Original)
    • > lcang lo can bsod nams rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > changlo chen sönam gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་ནི་བོད་རབ་བྱུང་བཅོ་ལྔ་པའི་མེ་མོ་བྱ་(༡༨༩༧)ལོར་བོད་ཀྱི་མི་དྲག་ཁོངས་སུ་གཏོགས་པའི་སྐུ་དྲག་གི་ཁྱིམ་ཚང་ལྕང་ལོ་ཅན་དུ་འཁྲུངས། ཡབ་ལྕང་ཅན་གུང་རྣམ་རྒྱལ་ཚེ་བརྟན་དང་། ཡུམ་རྡོ་རྗེ་དབྱངས་སྐྱིད། གཅེན་པོ་རྣམ་རྒྱལ་ཚེ་དབང་། གཅེན་མོ་བདེ་སྐྱོང་བཅས་ཞུ་བ་རེད། གང་དེ་ལ་ཡབ་ཡུམ་གཉིས་ཀྱིས་ཧ་ཅང་བརྩི་མཐོང་ཆེན་པོས་རིག་གནས་སློབ་སྦྱོང་དང་། རྒྱུན་སྲོལ་ལྟ་སྤྱོད། མི་རབས་གོང་མའི་ཡ་རབས་རྣམ་ཐར་གྱི་རྗེས་སུ་གཞོལ་བ་སོགས་ཀྱི་སློབ་གསོ་གནང་རྒྱུར་དོ་གལ་ཆེན་པོ་མཛད་དེ་དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་གནང་འགོ་ཚུགས་ཏེ་ལྟ་སའི་དགའ་ལྡན་ཤར་སློབ་གྲྭར་བསྐྱལ་གནང་བ་དང་། སློབ་གྲྭར་བཞུགས་རིང་ཡིག་རྩིས་ཀྱི་སྦྱང་འབྲས་རྟག་ཏུ་ཨང་གནས་དང་པོའི་གྲས་སུ་སོན་ཞིང་། བྱིས་པའི་དུས་ནས་རྩོམ་འབྲི་གནང་རྒྱུར་མཉེས་པའི་རིག་སྟོབས་ལྡན་པས། དགུང་ལོ་དགུ་ལ་སོན་དུས་རང་གི་ཡུམ་ལ་གནང་བའི་ཕྱག་བྲིས་ཤིག་གི་ནང་དུ། རྡོ་རྗེ་རྒྱལ་པོས་ང་བརྡུང་བྱུང་། །བརྡུངས་པའི་ལན་ནི་ངས་མ་འཕྲོད། །ང་ལ་ཨ་མ་མེད་པའི་ལན། །བུ་ཆུང་ང་ཡི་སྐྱོ་བ་ལ། ཞེས་བྲིས་གནང་ཡོད། དགུང་ལོ་བཅུ་དྲུག་ཙམ་ ལ་སོན་སྐབས་ཡབ་ཀྱིས་ཁོང་གཞུང་ལས་ཀྱི་སྤྱན་ལྟོས་གོམས་འདྲིས་ཡོང་ཁྱད་ལ་དགོངས་ཏེ། རྟག་ཏུ་ཞོལ་སྤང་ལྡིང་དང་དངུལ་དཔར་གྱི་དོན་དུ་འབྲི་གུང་ནང་ཕེབས་དགོས་སོགས་ཀྱི་ཕྱག་རོགས་སུ་འཁྲིད་གནང་ཐོག་གཞུང་ཡིག་འབྲི་སྤྱོང་མཛད། དགུང་ལོ་ཉི་ཤུ་ཙ་གཅིག་ཙམ་ལ་གུང་རྒྱུད་འཛིན་ཞབས་ཞུ་གནང་རྒྱུར་བོད་ས་གནས་སྲིད་གཞུང་གི་ཆོག་མཆན་ཐོབ་སྟེ་གུང་གི་གོ་ཐོབ་རྒྱུད་འཛིན་གནང་བ་དང་ཆབས་ཅིག་ཇ་ཚྭ་དོ་དམ་གྱི་ལས་འགན་བཞེས་ནས་སྐབས་དེའི་རིང་འགན་བབས་གཞུང་ལས་བྱེད་སྒོ་རྣམས་སྒྲུབ་གནང་ཐོག་ཁྱིམ་དུ་དགེ་བཤེས་ཤེས་རབ་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་སནཉན་སུམ་སོགས་ལ་ཟབ་སྦྱོང་གནང་བ་མ་ཟད། ད་དུང་སྐབས་ཤིག་རིང་ལྟ་སའི་ཉེ་འདབས་དགོན་པ་གསར་དུ་རྒྱུན་བཞུགས་ཀྱིས་འཇམ་དབྱངས་དཀར་པོའི་བསྙེན་སྒྲུབ་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་ཡང་ཕྱག་ལེན་གནང་། མདོར་ན་ལོ་ཤས་རིང་ལུང་རིག་གི་མཁྱེན་རྩལ་རྒྱས་པའི་སློབ་དཔོན་གྱིས་སློབ་སྟོན་མཛད་པ་དང་སློབ་མའི་འབད་པ་གཉིས་འཛོམས་པའི་མཐུ་ལས་གང་དེའི་སྙན་རྩོམ་གྱི་ཚིག་རྣོ་དོན་ཟབ་དང་དཔེ་དོན་འབྲེལ་ཆགས་ཀྱི་སྦྱངས་འབྲས་གཟེངས་སུ་ཐོན་པས། སློབ་དཔོན་ཡང་ཐུགས་ཤིན་ཏུ་དགྱེས་ནས་མ་ལས་ཆེ་བའི་བུ་གཅིག་ཡོད་ཅེས་བསྔགས་བརྗོད་ཡང་ཡང་གནང་འདུག དགུང་ལོ་ཉི་ཤུ་རྩ་ལྔར་ཕེབས་སྐབས་བོད་ས་གནས་སྲིད་གཞུང་གིས་རྒྱལ་རྩེ་དབྱིན་ཇིའི་དམག་སྒར་དུ་དམག་སྦྱོང་བྱེད་མཁན་ཁོངས་སུ་བཏང་བ་ལྟར་ལོ་གསུམ་གྱི་རིང་དམག་སྦྱོང་མཇུག་འགྲིལ་ནས་ལྟ་སར་ལོ་གསུམ་གྱི་རིང་དམག་སྦྱོང་མཇུག་འགྲིལ་ནས་ལྟ་སར་ཕྱིར་ལོག་གནང་མ་ཐག་བཀའ་ཤག་དང་དམག་སྤྱི་ཁང་གིས་རྒྱ་གར་ཁུལ་དུ་བོད་དམག་གི་མཚོན་ཆ་མཁོ་སྒྲུབ་བྱེད་དུ་མངགས། དེའི་སྐབས་སུ་བོད་ས་གནས་སྲིད་གཞུང་ནང་གི་ཞི་དྲག་དཔོན་རིགས་དབར་གྱི་འགལ་ཟླ་ཇེ་ཆེར་སོང་སྟེ། མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ནས་སྤྱི་ཁྱབ་མདའ་དཔོན་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་གཙོས་དྲག་དཔོན་ཕལ་ཆེ་བ་གནས་དབྱུང་གི་ཆད་པ་བཅད་པས་གང་དེའི་གུང་གི་མཚན་གནས་ཀྱང་ཕྱིར་འཐེན་ནས་ལོ་ཤས་ལས་ཚན་མེད་པར་སྲས་རྣམ་པ་སྤྱི་བྱིངས་ཀྱི་གྲས་སུ་བཞུགས། རབ་བྱུང་བཅུ་དྲྭག་པའི་ཆུ་བྱ་(༡༩༣༣)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་རྗེས་སུ་བོད་ཀྱི་རྒྱལ་ཚབ་བསྐོ་གཞག་བྱེད་མིན་གྱི་གནད་དོན་ཐད་གཞུང་ཞབས་སེར་སྐྱ་ཚོའི་ནང་དུ་རྩོད་པ་དྲག་པོ་བྱུང་ཞིང་། སྐབས་དེར་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཙོར་བྱས་པའི་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་པའི་ཁོངས་མི་གཙོ་གྲས་རེ་ཟུང་གིས་གསང་བ་ཕྱི་གྱར་བྱས་པར་བརྟེན། རྩིས་དཔོན་ལུང་ཤར་འཛིན་བཟུང་བྱས་པ་དང་། འབྲེལ་ཡོད་ཁོངས་མི་གཙོ་གྲས་རྣམས་ཁག་བགོས་ཀྱིས་དོ་དམ་བྱས་པའི་ཁོངས་སུ་ཚུད་ཐོག་དྲུང་རྩིས་ཐུན་མོང་གིས་ཞིབ་དཔྱད་བྱས་མཐར་ཀོང་པོ་རྩེ་སྒང་རྫོང་དུ་ཕྱིར་མི་ལྡོག་པའི་ས་འཛིན་རྒྱང་འབུད་དུ་བཏང་། ཀོང་པོར་བཞུགས་རིང་ཁུལ་དེའི་གཞོན་དུ་འགར་བོད་ཡིག་གི་སློབ་འཁྲིད་གནང་བ་དང་ལྟ་བཞུགས་སྤུན་ཉེ་གྲོགས་པོ་ཆོའི་བར་ཡིག་འགྲུལ་གྱི་ལམ་ནས་བཀའ་རྩོམ་སྣ་ཚོགས་གནང་ཡོད། དེ་སྐབས་ཀོང་པོར་རྒྱང་འབུད་དུ་སྔོན་བཏང་སྐུ་བཅར་ཀུན་འཕེལ་ལགས་དང་ངོ་འཕྲད་བྱུང་ཞིང་། གཅིག་མཐུན་གྱི་ལས་དབང་དེ་ལས་ཁོང་གཉིས་ཕན་ཚུན་དབར་གདུང་སེམས་མཉམ་བསྐྱེད་ཀྱིས་འབྲེལ་འདྲིས་དམ་ཟབ་བྱུང་། རྗེས་སུ་ལུང་ཤར་ལས་འགུལ་ནང་དུ་ནག་ཉེས་གཅིག་མཚུངས་ཀྱིས་རྒྱང་འབུད་དུ་བཏང་བའི་མི་ལ་ལ་ལྟ་སར་ཕྱིར་ལོག་ཐུབ་པ་དང་ཞབས་སྡོད་སྐྱར་ཞུ་ཆོག་པ་བྱུང་ནའང་། གང་དེ་དང་སྐུ་བཅར་གཉིས་ཕྱིར་ལོག་ཆོག་པའི་ཁ་གུ་ཙམ་ཡང་མེད་པར་བདག་མེད་དུ་ལུས་པས། དེ་ལྟ་བུའི་ཁྲིམས་ལུགས་འདྲ་དྲང་དུ་མི་སྤྱོད་པའི་ཚུལ་ལ་ཤིན་ཏུ་ཐུགས་ཕམ་དང་ཞེ་གཏིང་ནས་ལོག་སྟེ་མཐར་མེ་བྱི་(༡༩༤༦)ལོར་ཁོང་གཉིས་གསང་གྲོས་ཀྱིས་གནས་སྐོར་ལ་བསྙད་བཏགས་ནས་རྒྱ་གར་ཡུལ་དུ་སྲིད་པའི་ཡ་མཚན་གྱི་གཟིགས་མོར་བྱོན། རྒྱ་གར་ཁུལ་དུ་ལོ་བཅུ་ཙམ་བཞུགས་རིང་ཀ་སྦུག་བྲག་ཤོད་ཀྱི་སྲས་སྲོས་ཚོར་བོད་ཡིག་སློབ་འཁྲིད་གནང་བ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁུ་ནུ་མཐར་ཕྱིན་སྦ་བུ་སོགས་དང་མཉམ་འཛོམས་ཀྱིས་མཐའ་ཀླས་གངས་ཅན་རྩོམ་རིག་ག་མཁའ་དབྱིངས་སུ་རྣམ་པར་རྩེན་ནས་སྔ་རྗེས་སུ་<<རྒན་བྱིས་གསུམ་གྱི་འབེལ་གཏམ་སྣང་བ་རབ་གསལ་>> ཞེས་པ་དང་། <<ཡིག་བསྐུར་རྣམ་གཞག>> <<ཀ་བཤད>> དེ་མིན་སྙན་ཚིག་ཁག་ཅིག་བཅས་རྩོམ་འབྲི་གནང་ཡོད། ཀ་སྦུག་བྲག་ཤོད་ཀྱི་ར་ཎི་ཆོས་ཉིད་དབང་མོ་དང་ལྟན་དུ་འབྲས་སྤྱི་བློན་ཆེན་སར་སྦི་སིས་བརྩམས་པའི་དེབ་ཆུང་ཞིག་དབྱིན་ཡིག་ནས་བོད་ཡིག་ནསཏུ་ཕབ་བསྒྱུར་མཛད། མེ་ཕག་(༡༩༤༧)ལོར་བོད་ས་གནས་སྲིད་གཞུང་ནས་སླད་ཕྱིན་ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་སྲིད་དོན་ལ་ཐེ་ཇུས་མ་བྱས་ཚེ་ཕྱིར་ལོག་ཆོག་པའི་བཀའ་འཁྲོལ་བ་ལྟར་གང་དེས་ཡུན་རིང་སྐོམ་པ་ཆུ་འདོད་བཞིན་བཅངས་པའི་རང་ཡུལ་ལ་ཕྱིར་ལོག་ཡོང་རྒྱུའི་འདུན་པ་མངོན་དུ་གྱུར་ནས་ལྟ་སར་གཞིས་མ་བུ་ཕྲུག་དང་མཉམ་འཛོམས་གནང་བའི་སྐལ་བ་ཐོབ་པ་དང་། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ཆུ་འབྲུག་(༡༩༥༢)ལོར་ལྟག་བསམ་གང་བསྡུས་ཞེས་པའི་ཚོགས་པའི་ནང་ཞུགས་ཏེ་ཁྱིམ་འཛིན་ཁོངས་ལྟོ་ཁ་དང་འཕན་པོའི་གཞིས་ཁག་ནས་བཅིངས་འགྲོལ་དམག་ལ་འབྲུ་རིགས་མཁོ་འདོན་གྱི་རྒྱབ་སྐྱོར་གནང་བ་དང་། ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྟན་ཁང་དང་བཀའ་ཤག་ཐུན་མོང་གིས་བོད་སྐྱོད་བཅིངས་འགྲོལ་དམག་ལ་འབྲུ་རིགས་མཁོ་འདོན་བྱ་རྒྱུར་དམིགས་ནས་མཉམ་འཛུགས་གནང་བའི་གཞུང་འབྲུ་སྤྱི་མཛོད་ཁང་དུ་དོ་དམ་གྱི་ཕྱག་ལས་གནང་། གང་དེས་<<དུས་རབས་ཀྱི་བསམ་འཆར་ >>ཞེས་པའི་ནང་བཅིངས་འགྲོལ་དཔོན་དམག་བོད་དུ་ཕེབས་ནས་ད་བར་གཙོ་བོ་བོད་མི་དམངས་ཚང་མས་རྟག་ཏུ་སྲོག་ལས་གཅེས་པར་འཛིན་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་གུས་བཀུར་དང་། ཆོས་དད་རང་མོས་ལ་སྲུང་སྐྱོབ། ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག ལྟག་པར་སྔར་གྱི་རྒྱ་རིགས་དང་གཏན་ནས་མི་འདྲ་བར་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ངོ་མཚར་ཅན་རྣམས་དངོས་སུ་ཕྱག་ལེན་ལེགས་པར་བསྟན་བའི་ཐོག་གཙོ་བོར་ཀྲུང་དབྱང་ནས་མི་རྒྱུ་གཉིས་ཀའི་རོགས་རམ་ཚད་ལས་འདས་པའི་ཐོག་བོད་ས་གནས་སྲིད་གཞུང་ནས་རྒྱབ་སྐྱོར་དང་། བོད་མི་དམངས་ནས་ལས་རོགས་ཧུར་བརྩོན་ཞུས་པའི་འབྲས་བུར་ད་བར་ལོ་རྒྱུས་ཐོག་ཏུ་ལུས་བསྡད་པའི་རྒྱ་བོད་དབར་གྱི་དོགས་འདྲོག་ཐེ་ཚོམ་གྱི་སྐྱོན་ཆ་ཚང་མ་རྩ་བའི་ཆ་ནས་སངས་ཏེ། མི་རིགས་ནང་ཁུལ་དང་ལྟག་པར་དུ་སྤུན་ཟླ་རྒྱ་བོད་མི་རིགས་དབར་གྱི་མཐུན་སྒྲིལ་ཉིན་བཞིན་ཇེ་ཟབ་ཏུ་སོང་ཡོད་ཅིང་། ཀྲུང་གོའི་མི་ཚོགས་དུང་ཕྱུར་དྲུག་གི་འགྲོ་སའི་ལམ་བཟང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་རང་རེ་བོད་མི་རྣམས་ཀྱང་རིམ་བཞིན་མཉམ་དུ་འགྲོ་བ་ལས་བོད་མིར་འགྲོ་ལམ་གཞན་ཞིག་ཟུར་དུ་མེད་ཅེས་གསུངས་ཡོད། སྔར་བོད་ས་གནས་སྲིད་གཞུང་གི་སྐབས་གུང་དང་། སྲས་རྣམ་པ། ཐའི་ཇི་སོགས་ཀྱི་གོ་གནས་བཞེས་མྱོང་བ་དང་། རྗེས་སུ་ལྟ་ས་སློབ་ཆུང་ཨང་དང་པོའི་སློབ་སྟོན་ཀྲུའུ་རེན་དང་། སློབ་སྤྱི་གཞོན་པ། བོད་དམག་ཁུལ་ཁང་ལས་བྱེད་སློབ་གྲྭའི་དགེ་རྒན། བོད་ལྗོངས་རྒྱལ་གཅེས་གཞོན་ནུ་ཤེས་རིག་མཐུན་གྲོགས་ཚོགས་པའི་ཀྲུའུ་རེན་གཞོན་པ། བོད་དམག་ཁུལ་ཁང་རྩོམ་ཞིབ་ཨུ་ཡོན་ལྟན་ཁང་ཁོངས་ཚ་སྤྲུལ་རིན་པོ་ཆེ་དང་ལྟན་ཏུ་<<གསར་འགྱུར་མདོར་བསྡུས>>ཞེས་པའི་བོད་ཡིག་ཚགས་པར་རྩོམ་སྒྲིག་འགན་བཞེས་པ། ལྟ་ས་དམག་དོན་བཀག་འདོམས་ཨུ་ཡོན་ལྟན་་ཁང་རིག་སློབ་ཙུའུའི་ཙུའུ་ཀྲང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྟན་ཁང་རིག་སློབ་ཁྲུའུའི་ཁྲུའུ་ཀྲང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྟན་ཁང་རིག་སློབ་འཕྲོད་བསྟེན་ཁྲུའུའི་ཁྲུའུ་ཀྲང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་འཐུས་མི། བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྟན་ཁངགི་ཨུ་ཡོན། བོད་རང་སྐྱོང་ལྗོངསརིག་དངོས་དོ་དམ་ཨུ་ཡོན་ལྟན་ཁང་གི་ཀྲུའུ་རེན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་སྲིད་གྲོས་སྐབས་གསུམ་པའི་ཨུ་ཡོན་བཅས་ཀྱི་ཐུགས་འགན་བཞེས་ཐོག་རང་འཁྲིའི་འགན་བབས་ཀྱི་ལས་དོན་རྣམས་ཐུགས་ནུས་གང་ཡོད་ཀྱིས་ལེགས་འགྲུབ་གནང་སྟེ། སྐབས་དེའི་སློབ་གྲྭ་འབྲིང་ཆུང་ཁག་གི་བོད་ཡིག་སློབ་ཚན་དང་། <<བོད་རྒྱ་ཚིག་མཛོད་ཆེན་པོའི>>རྩོམ་སྒྲིག་ཞུས་དག གནའ་རྫས་བདག་གཉེར། དམངས་ཁྲོད་ལྟ་མོ་ཚོགས་པ་སོགས་ལ་ཐུགས་འཁུར་ཟབ་བཞེས་གནང་བ་སོགས་བོད་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བ་དང་བོད་མི་རིགས་རྗེས་ལུས་ཀྱི་གནས་ལས་འགྲོལ་ཐབས་ཀྱི་དོན་དུ་རང་ནུས་གང་ཡོད་ཀྱི་ལེགགས་སྐྱེས་གནང་ཡོད། རིག་གནས་གསར་བརྗེ་ཟེར་བའི་ལོ་བཅུའི་ཟང་ཟིང་ནང་རང་རེའི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་གོད་ཆག་ཚབས་ཆེན་བྱུང་བ་དང་དུས་མཚུངས་གང་དེ་ཡང་སྲིད་དབང་སྒེར་འཛིན་ཅེས་པ་ལས་ཐར་ཐབས་མེད་པར་རྡུང་རྡེག་ཕོག་ཀྱང་ཏང་དང་མི་དམངས་ལ་ཡིད་ཆེས་བརྟན་པོ་གནང་ཞིང་། ཟང་ཟིང་གང་མགྱོགས་མཇུག་འགྲིལ་ཏེ་མུན་པའི་ཁྲོད་ནས་ཤར་ཕྱོགས་ཀྱི་སྐྱ་རེངས་མཐོང་རེ་གནང་མུས་ཀྱི་དུས་སུ་དགུང་གྲངས་དོན་ལྔར་ཕེབས་པ་ཆུ་བྱི་(༡༩༧༢)ལོའི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ས་སྲོས་མཚམས་ལ་སྐུ་སྙིང་གི་བསྙུན་གཞི་གློ་བུར་དུ་འཕར་ནས་དགོངས་པ་རྫོགས་སོ།།

language:
Tibetan

2. Thupten Phuntsok Dictionary

ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་ནི་བོད་རབ་བྱུང་བཅོ་ལྔ་པའི་མེ་མོ་བྱ (༡༨༩༧) ལོར་བོད་ཀྱི་མི་དྲག་ཁོངས་སུ་གཏོགས་པའི་སྐུ་དྲག་གི་ཁྱིམ་ཚང་ལྕང་ལོ་ཅན་དུ་འཁྲུངས། ཡབ་ལྕང་ཅན་གུང་རྣམ་རྒྱལ་ཚེ་བརྟན་དང་། ཡུམ་རྡོ་རྗེ་དབྱངས་སྐྱིད། གཅེན་པོ་རྣམ་རྒྱལ་ཚེ་དབང་། གཅེན་མོ་བདེ་སྐྱིད་བཅས་ཞུ་བ་རེད། གང་དེ་ལ་ཡབ་ཡུམ་གཉིས་ཀྱིས་ཧ་ཅང་བརྩི་མཐོང་ཆེན་པོས་རིག་གནས་སློབ་སྦྱོང་དང་། རྒྱུན་སྲོལ་ལྟ་སྤྱོད། མི་རབས་གོང་མའི་ཡ་རབས་རྣམ་ཐར་གྱི་རྗེས་སུ་གཞོལ་བ་སོགས་ཀྱི་སློབ་གསོ་གནང་རྒྱུར་དོ་གལ་ཆེན་པོ་མཛད། སྔར་བོད་ས་གནས་སྲིད་གཞུང་གི་སྐབས་གུང་དང་། སྲས་རྣམ་པ། ཐའི་ཇི་སོགས་ཀྱི་གོ་གནས་བཞེས་མྱོང་བ་དང་། སློབ་སྤྱི་གཞོན་པ། བོད་དམག་ཁུལ་ལས་བྱེད་སློབ་གྲྭའི་དགེ་རྒན་སོགས་ཀྱི་འགན་བཞེས། དགུང་གྲངས་དོན་ལྔར་ཕེབས་པ་ཆུ་བྱི (༡༩༧༢) ལོའི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ས་སྲོས་མཚམས་ལ་སྐུ་སྙིང་གི་བསྙུན་གཞི་གློ་བུར་དུ་འཕར་ནས་དགོངས་པ་རྫོགས་སོ།

language:
Tibetan