Skip to main content Skip to search
lce ston rgya nag
ID:
T229687
  • ལྕེ་སྟོན་རྒྱ་ནག (Tibetan, Tibetan script, Original)
    • > lce ston rgya nag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ché tön gyanak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྟ་རྗེ་སྒྲོ་ཕུག་པ་ཆེན་པོའི་ཐུགས་ཀྱི་སྲས་ནག་པོ་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ལྟ་རྗེ་ལྕེ་སྟོན་རྒྱ་ནག་ནི་ཡབ་རྒྱལ་གསུམ་གྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཁྱི་(༡༠༩༤)ལོར་སྐུ་འཁྲུངས། ཕུ་བོ་རིན་ཆེན་དང་ཉི་པོ་གཉིས་མྱང་སྟོད་དུ་མཚན་ཉིད་ཀྱི་གྲྭ་སར་སློབ་གཉེར་ལ་བཏང་བས་ལྕེ་སྟོད་རྒྱ་ནག་རྒྱགས་སྐྱེལ་དུ་ཕེབས་ཏེ་ཞོར་ལ་ཐུན་ཉན་བྱས་ནས་གོ་བར་བྱུང་། དགུང་ལོ་ཉི་ཤུ་རྩ་གཅིག་ནས་སློབ་གཉེར་མཛད་དེ་དང་པོར་མཚན་ཉིད་གསན་པ་ལས་ཁྱུང་པོ་གྲགས་སེ་ལ་ཕ་རོལ་དུ་ཕྱིན་པ་གསན། འབན་ཐམས་ཅད་མཁྱིན་པ་ལ་མངོན་པ་གསན། སྟག་པ་ཁ་ཆེ་ལ་དབུ་ཚད་གསན། སྟག་པ་ཁ་ཆེ་ལ་དབུ་ཚད་གསན། དེ་དག་གི་སྟེང་དུ་འགར་བསོད་ཡེས་ལའང་གསན། དེ་ལྟར་མཚན་ཉིད་ལོ་དགུར་གསན་ནོ། དེ་ནས་ལྟ་རྗེ་སྒྲོ་ཕུག་པ་ཆེན་པོའི་དྲུང་དུ་སྔགས་གསན་དུ་བྱོན་ནས་ལོ་བཅུ་གཅིག་བཞུགས་པ་ལ་བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་ཐམས་ཅད་གནང་ཞིང། ཁྱད་པར་གྱི་གདམས་པ་ཟབ་མོ་དང་ཆ་ལག་གི་ཡིག་ཆུང་ཕྲ་མོ་རང་ལ་རྒྱུས་མེད་པ་ཐབས་ཅད་ཀྱང་ཚུར་ལ་སྤུན་ནས་གནང་བས་ན། ལྟ་རྗེ་ཁང་པ་ཟུར་ཚོ་གཞན་རྣམས་ལས་མན་ངག་ཟབ་ཅིང་ཆོས་ཀྱི་ཁ་ཚང་བའི་ལོ་རྒྱུས་རྒྱུ་མཚན་ཡང་དེ་ཡིན་གསུངས། དེ་ལྟར་དགུང་ལོ་ཉི་ཤུར་སློབ་གཉེར་མཛད། གཞན་ཡང་མྱང་སྟོད་ཀྱི་རྒྱ་རྩད་སྐོར་པ་ལས་བདུད་རྩི་གསན། མྱང་སྨད་ཀྱི་སྒྲོ་དར་སེང་ལས་རྣམ་འཇོམས་དང་ཕུར་པ་རྩ་བ་སོར་བཞག་གི་ལུགས་གསན་པ་སོགས་གསན་པ་མང་དུ་མཛད་དེ་སྔགས་མཚན་ཉིད་རྒྱུད་སྒྲུབ་ཐབས། གཞུང་གདམས་ངག་དང་བཅས་པ་ཀུན་གྱི་བདག་པོར་གྱུར་པ་ལགས་སོ། དེ་ཡང་དགུང་ལོ་བཞི་བཅུ་ནས་ལོ་བཅུ་དྲུག་རིང་གཞན་དོན་མཛད་དེ་མཐར་དགུང་ལོ་ང་དྲུག་ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

ལྷ་རྗེ་སྒྲོ་ཕུག་པ་ཆེན་པོའི་ཐུགས་ཀྱི་སྲས་ནག་པོ་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ལྷ་རྗེ་ལྕེ་སྟོན་རྒྱ་ནག་ནི་ཡབ་རྒྱལ་གསུམ་གྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཁྱི (༡༠༩༤) ལོར་སྐུ་འཁྲུངས། དེ་ནས་ལྷ་རྗེ་སྒྲོ་ཕུག་པ་ཆེན་པོའི་དྲུང་དུ་སྔགས་གསན་དུ་བྱོན་ནས་ལོ་བཅུ་གཅིག་བཞུགས་པ་ལ་བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་ཐམས་ཅད་གནང་ཞིང་། ཁྱད་པར་གྱི་གདམས་པ་ཟབ་མོ་དང་ཆ་ལག་གི་ཡིག་ཆུང་ཕྲ་མོ་རྒྱུས་མེད་པ་ཐམས་ཅད་ཀྱང་ཚུར་ལ་སྤུན་ནས་གནང་བས་ན། ལྷ་རྗེ་ཁང་པ་ཟུར་ཆོ་གཞན་རྣམས་ལས་མན་ངག་ཟབ་ཅིང་ཆོས་ཀྱི་ཁ་ཚང་བའི་ལོ་རྒྱུས་རྒྱུ་མཚན་ཡང་དེ་ཡིན་གསུངས། དེ་ལྟར་དགུང་ལོ་ཉི་ཤུར་སློབ་གཉེར་མཛད། དེ་ཡང་དགུང་ལོ་བཞི་བཅུ་ནས་ལོ་བཅུ་དྲུག་རིང་གཞན་དོན་མཛད་དེ་མཐར་དགུང་ལོ་ང་དྲུག་ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1094 ལོར་སྐྱི་མཁར་ལྷ་ཁང་དུ་ཡབ་རྒྱལ་གསུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1149 ལོར་སྐུ་གཤེགས། ཁོང་དགུང་ལོ་ཉི་ཤུ་རྩ་གཅིག་པར་མྱང་སྟོད་མཚན་ཉིད་ཀྱི་གྲྭ་སར་ཕེབས་ཏེ། ཁྱུང་པོ་གྲགས་སེ་ལས་ཕར་ཕྱིན་དང་། འབན་ཐམས་ཅད་མཁྱེན་པ་ལས་མངོན་པ། སྟག་པ་ཁ་ཆེ་ལས་དབུ་མ་དང་ཚད་མ། མགར་བསོད་ནམས་ཡེ་ཤེས་ལས་ཀྱང་ཆོས་མང་དུ་གསན་ཤིང་། དེ་ལྟར་མཚན་ཉིད་ལོ་དགུར་གསན་པར་མཛད། དེ་ནས་སྒྲོ་ཕུག་པ་ཤཱཀྱ་སེང་གེའི་ཞབས་ལ་གཏུགས་ཤིང་ལོ་ངོ་བཅུ་གཅིག་གི་རིང་དུ་བསྟེན་ཏེ་བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་ཐམས་ཅད་ཞུས་པ་དང་། ཁྱད་པར་དུ་གདམས་ངག་ཟབ་མོ་དང་ཆ་ལག་གི་ཡིག་ཆུང་ཕྲ་མོ་དང་བཅས་པ་ཞུས། མྱང་སྟོད་ཀྱི་རྒྱ་རྩད་སྐོར་པ་ལས་བདུད་རྩི་དང་། [537] མྱང་སྨད་ཀྱི་སྒྲོ་དར་མ་སེང་གེ་ལས་རྣམ་འཇོམས་དང་ཕུར་པ་རྩ་བ་སོར་བཞག་གི་ལུགས། དམ་པ་སྤོར་མང་ལས་རྫོགས་པ་ཆེན་པོ་སྤོར་ལྕགས། ཇོ་མོ་མྱང་མོ་ལས་སློབ་དཔོན་ཨ་རོའི་ཐུགས་ཀྱི་ཡང་བཅུད་རྫོགས་ཆེན་ཁམས་ལུགས་ཀྱི་ཁྲིད་རྣམས་ཞུས་པས་སྔགས་མཚན་ཉིད་རྒྱུད་ཀྱི་སྒྲུབ་ཐབས་དང་། གཞུང་གདམས་ངག་དང་བཅས་པ་ཀུན་གྱི་བདག་པོར་གྱུར་པ་ལགས་སོ། གདན་ས་ཤིན་ཏུ་དར་མཛད་ཅིང་དགུང་ལོ་ལྔ་བཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དབུས་པ་སྟོན་ཤཱཀ་དང་། དབུས་པ་ཞིག་པོ། བླ་ཆེན་ཡོན་ཏན་གཟུངས་བཅས་ཡིན་ནོ།།

language:
Tibetan