Skip to main content Skip to search
chin hri hong
ID:
T229891
  • ཆིན་ཧྲི་ཧོང (Tibetan, Tibetan script, Original)
    • > chin hri hong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chin hri hong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(秦始皇)གོང་མ་ཆིན་ཧྲི་ཧོང་སྟེ(སྤྱི་ལོ་སྔོན་གྱི་ལོ༢༥༩ནས༢༡༠བར)རུས་མིང་དབྱིན་ཡིན་པས་འདིའི་མིང་ལ་དབྱིན་ཀྲེན་ཟེར། སྐབས་དེར་གསར་ཏུ་དར་བའི་ཞིང་བདག་གྲལ་རིམ་གྱི་ཆབ་སྲིད་མཁས་པ་ཞིག་དང་ཀྲུང་གོ་གཅིག་གྱུར་བྱེད་མཁན་གྱི་གོང་མ་དང་པོ་དེ་ཡིན། ཁོང་གི་དུས་སྐབས་དེ་ནི་ཀྲན་གོའི་དུས་མཇུག་སྟེ། བཀས་བཀོད་བརྒྱུད་འཛིན་གྱི་རྒྱལ་ཕྲན་མང་པོས་ས་ཁོངས་བཅད་བཟུང་དང་རང་བཙན་བྱས་ཏེ་ཕན་ཚུན་ཡུན་རིང་དམག་འཁྲུག་བྱས་པ་ནས་གཅིག་གྱུར་གྱི་ཕྱོགས་སུ་འགྲོ་བའི་སྐབས་ཡིན་པ་དང་། བྲན་གཡོག་ལམ་ལུགས་མཐར་ཕྱིན་པ་གཏོར་ནས་བཀས་བཀོད་བརྒྱུད་འཛིན་གྱི་ཐོན་སྐྱེད་འབྲེལ་བ་སྲ་བརྟན་དང་གོང་འཕེལ་འགྲོ་བའི་དུས་སྐབས་ཤིག་ཀྱང་ཡིན། གོང་དུ་བཤད་པ་ལྟར་ཀྲན་གོའི་དུས་སྐབས་སུ་ཆིན་དང་། ཁྲུའུ། ཆི། ཡན། ཧན། ཀྲའོ། ཝེ་བཅས་རྒྱལ་ཁབ་སྟོབས་ཆེན་བདུན་ཕན་ཚུན་དམག་འཐབ་བྱས་ཏེ་ས་ཆ་དང་མི་སེར་འཕྲོག་རེས་རྒྱུན་མི་ཆད་པར་བྱས་པའི་ནང་ཕྱོགས་གཉིས་ཀའི་མཚོན་ཆ་ལེགས་བཅོས་བྱུང་རྐྱེན་དམག་འཁྲུག་ཐེངས་རེའི་ནང་མི་ཁྲི་སྟོང་མང་པོ་ཤི་རྨས་ཡོང་གི་ཡོད་པ་དང་། རྒྱལ་ཁབ་གཞན་ལ་དཔུང་འཇུག་བྱས་ནས་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་དེས་ཕམ་པའི་རྒྱལ་ཁབ་ཀྱི་ས་གནས་ལ་སླེབས་སྐབས་ཞིང་ཁའི་ལོ་ཏོག་འབྲེག་པ་དང་། ཤིང་སྡོང་གཅོད་པ། མཁར་རྫོང་བཤིག་པ། སྒོ་ཕྱུགས་འཕྲོག་ཁྱེར། མི་སེར་གསོད་ཐུབ་པ་རྣམས་བསད། ལྷག་མ་འཛིན་བཟུང་བྱས་ཏེ་བྲན་གཡོག་བྱེད་ཏུ་བཅུག་པ། ཁ་གཏད་རྒྱལ་ཁབ་ལས་རྒྱལ་ཁ་ཐོབ་ཆེད་མི་དམངས་ཀྱི་རྒྱུ་ནོར་དང་སྲོག་ལ་མ་ལྟོས་པར་མངོན་སུམ་འཛེམས་མེད་ཀྱིས་ཆུ་རགས་ཀྱི་ཁ་བརྟོལ་ནས་གྲོང་ཁྱེར་བསྣུབས་པ་དང་། ས་ཞིང་བསྣུབས་ནས་ཞིང་གྲོང་མང་པོ་ས་སྟོང་དུ་བསྒྱུར་བ་སོགས་བྱས། རྒྱལ་ཕྲན་མང་པོས་ཕན་ཚུན་ཡུན་རིང་དམག་འཁྲུག་བྱས་པའི་རྐྱེན་གྱིས་རྒྱ་ཆེའི་མི་དམངས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བསྐུལ་བ་དེས་རྒྱ་ཆེའི་མི་དམངས་དང་། གསར་དར་ཞིང་བདག་གྲལ་རིམ་ཁག་གཅིག་གིས་ཀྱང་རྒྱལ་ཕྲན་རྒྱལ་པོ་སོ་སོས་ས་ཁོངས་བཅད་བཟུང་བྱས་པའི་གནས་ཚུལ་མཇུག་བསྒྲིལ་ནས་གཅིག་གྱུར་ཡོང་བའི་རེ་འདུན་འདོན་གྱི་ཡོད་པ་དེས། གོང་མ་ཆིན་ཧྲི་ཧོང་གིས་ཀྲུང་གོ་ཡོངས་རྫོགས་གཅིག་གྱུར་བྱེད་པའི་ལས་དོན་ལེགས་འགྲུབ་ཡོང་བའི་ཆ་རྐྱེན་བསྐྲུན་ཡོད། གོང་མ་ཆིན་ཧྲི་ཧོང་གིས་སྲིད་དབང་བཟུང་དུས་ལོ་བཅུ་གསུམ་ལས་ལོན་མེད་པས་ཆིན་རྒྱལ་ཁབ་ཀྱི་ལམ་ལུགས་ལྟར་ན་རྒྱལ་པོ་ལོ་ཉི་ཤུ་རྩ་གཉིས་ལ་མ་སླེབས་བར་དུ་སྲིད་ཀྱི་དབང་ཆ་དངོས་སུ་བདག་གཉེར་བྱས་མི་ཆོག་པ་ཡིན་པས། སྐབས་དེར་ཆིན་རྒྱལ་ཁབ་ཀྱི་དབང་ཆ་བློན་ཆེན་ལུའུ་པུ་ཝེས་བཟུང་ཡོད་པ་དང་། ཁོ་པ་ནི་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་གསར་པར་མི་དགའ་ཞིང་། བྲན་གཡོག་བདག་པོའི་ལམ་ལུགས་སླར་གསོ་བྱེད་འདོད་ཡོད་མཁན་ཞིག་ཡིན་པ་དང་། ཁོ་པར་རྒྱབ་སྐྱོར་བྱེད་མཁན་མང་ཞིང་སྟོབས་འབྱོར་ཆེ་བའི་བློན་ཆེན་ཞིག་ཡིན་པར་བརྟེན་ལུའུ་པུ་ཝེ་ཚོགས་ཁག་དེ་མ་གཏོར་ན་གོང་མ་ཆིན་ཧྲེ་ཧོང་གི་ཆབ་སྲིད་ལམ་ཕྱོགས་ལག་ལེན་བསྟར་མི་ཐུབ་པའི་གནས་ཚུལ་ཚབས་ཆེན་དེའི་མདུན་དུ་སེམས་ཐག་ཆོད་པོའི་སྒོ་ནས་ལུའུ་པུ་ཝེ་དང་ལའོ་ཨའི་ཚོགས་ཁག་གིས་སྲིད་འགྱུར་བསླངས་པའི་ཟིང་འཁྲུག་ལྷིང་འཇགས་བཏང་ཞིང་། ཁོ་ཚོའི་ཕྱོགས་གཏོགས་ཚང་མ་བྱ་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཏོར་ཕམ་བཏང་། ཁྲུའུ་རྒྱལ་ཁབ་ནས་ཆིན་རྒྱལ་ཁབ་ལ་ཡོང་ནས་གཏན་སྡོད་བྱེད་པའི་བློན་པོ་ལི་སི་དང་། ཝེ་རྒྱལ་ཁབ་ནས་ཡོང་བའི་ཝེ་ལིའོ་གཉིས་ཀྱི་བསམ་འཆར་དང་ལེན་བྱས་ཏེ་ཆིན་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཡིན་ཕྱིན་རྒྱལ་ཁབ་ཕྱི་ནང་གི་དབྱེ་བ་མེད་པར་དཔོན་པོའི་གོ་གནས་སྤྲད་དེ་མཐོང་ཆེན་བྱས། ལས་དོན་སྒྲུབ་སྐབས་གཤམ་འོག་གི་བློན་པོ་མཁས་པ་ཚོའི་བསམ་འཆར་ཉན་འཇོག་བྱས་པ་བཅས་བྱེད་ཀྱི་ཡོད། ཀྲན་གོའི་དུས་མཇུག་ཏུ་ཆིན་རྒྱལ་ཁབ་དང་། རྒྱལ་ཁབ་དྲུག་པོའི་བར་ཡང་ཡང་དམག་འཁྲུག་བྱུང་བ་དང་། སྐབས་དེར་རྒྱལ་ཁབ་དྲུག་པོས་ཡང་ཡང་མཉམ་འབྲེལ་ཐོག་ནས་ཆིན་རྒྱལ་ཁབ་ལ་འགོག་རྒོལ་བྱེད་ཀྱི་ཡོད་པས་མཉམ་འབྲེལ་དེ་གཏོར་མ་ཐུབ་ན་རྒྱལ་ཁ་ཐོབ་ཐབས་མེད་པ་མཐོང་ནས་ཁ་གཏད་རྒྱལ་ཁབ་དྲུག་པོའི་བར་དུ་དབྱེན་སྦྱོར་དཀྲུག་ཤིང་གིས་ཁ་བྲལ་ཏེ་མི་མཐུན་པར་བཟོས་ཐོག གཞི་ནས་རེ་རེ་བཞིན་གཏོར་བའི་སྲིད་ཇུས་ལག་ལེན་བྱས། སྤྱི་ལོའི་སྔོན་གྱི༢༣༠པར་དམག་དཔུང་བཏང་ནས་ཐོག་མར་ཆེས་སྟོབས་ཞན་ཡིན་པའི་ཧན་རྒྱལ་ཁབ་གཏོར་ནས་མངའ་འོག་ཏུ་བསྡུས། སྤྱི་ལོའི་སྔོན་གྱི་ལོ༢༢༩པར་ཀྲའོ་རྒྱལ་ཁབ་ལ་ཕར་རྒོལ་མ་བྱས་གོང་དུ་ཆི་རྒྱལ་ཁབ་ལ་མི་མངགས་ནས་ཀྲའོ་རྒྱལ་ཁབ་དང་ཆི་རྒྱལ་ཁབ་བར་དབྱེན་སྦྱོར་དང་། ཀྲའོ་རྒྱལ་ཁབ་ནང་ལའང་དབྱེན་སྦྱོར་འགལ་ཟླ་བཟོས་རྗེས་ཀྲའོ་རྒྱལ་ཁབ་གྲོགས་མེད་ཁེར་རྐྱང་དུ་ལུས་སུ་བཅུག་ཅིང་། དེའི་ཕྱི་ལོ་ཀྲའོ་རྒྱལ་ཁབ་ལ་མུ་གེ་ཆེན་པོ་བྱུང་བའི་གོ་སྐབས་དང་བསྟུན་ནས་དམག་དཔུང་བཏང་སྟེ་ཕར་རྒོལ་བྱེད་ཐེངས་གཅིག་ལ་ཀྲའོ་རྒྱལ་ཁབ་མངའ་འོག་ཏུ་བསྡུས། སྤྱི་ལོའི་སྔོན་གྱི་ལོ༢༢༡ལོར་དམག་དཔོན་ཝང་ཇན་གྱིས་གཙོ་བོ་བྱས་པའི་དམག་དཔུང་བཏང་ནས་ཡན་རྒྱལ་ཁབ་ལ་ཕར་རྒོལ་བྱས་ཏེ་རྗེས་སུ་འདུམ་འགྲིག་ཞུས། དེའི་ཕྱི་ལོ་ཝེ་རྒྱལ་ཁབ་ལ་དམག་དཔུང་བཏང་ནས་རྒོལ་གཏོར་བྱས་པ་དང་། ཝེ་རྒྱལ་ཁབ་མགོ་བཏགས་ཞུས་ཏེ་མངའ་འོག་ཏུ་བསྡུས། སྤྱི་ལོའི་སྔོན་གྱི་ལོ༢༢༤ལོར་དམག་དཔོན་ལིས་ཞིན་དང་མེང་ཝུ་གཉིས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་ཁྲི་ཉི་ཤུ་བཏང་ནས་ཁྲུའུ་རྒྱལ་ཁབ་ལ་ཕར་རྒོལ་བྱས་པས་ཐོག་མར་རྒྱལ་ཁ་ཁ་ཤས་ཐོབ་ཀྱང་། རྗེས་སུ་ཁྲུའུ་རྒྱལ་ཁབ་ཀྱི་དམག་དཔོན་ཞང་ཡན་གྱིས་རྒོལ་ལན་བསློགས་པས་ཕམ་ཉེས་ཆེན་པོ་བྱུང་སྟེ་སླར་ཡང་དགོངས་ཞུ་བྱས་ཟིན་པའི་དམག་དཔོན་རྒན་པ་ཝང་ཇན་གྱིས་སྣེ་ཁྲིད་པའི་དམག་དཔུང་ཁྲི་དྲུག་ཅུ་ཐམ་པ་བཏང་ནས་ཁྲུའུ་རྒྱལ་ཁབ་མངའ་འོག་ཏུ་བསྡུས་ཏེ་རྒྱལ་པོ་གསོན་བཟུང་བྱས། སྤྱི་ལོའི་སྔོན་གྱི་ལོ༢༢༢ལོར་ལེའོ་ཏུང་ལ་ཕར་རྒོལ་བྱས་ཏེ་བྲོས་བྱོལ་ཏུ་ཕྱིན་པའི་ཡན་ཝང་ཞི་གསོན་བཟུང་བྱས་ནས་ཡན་རྒྱལ་ཁབ་རྩ་གཏོར་བཏང་། དེ་ནས་སླར་ཡང་ཏའི་ས་ཁུལ་ལ་ཕར་རྒོལ་བྱས་ཏེ་བྲོས་བྱོལ་དུ་ཕྱིན་པའི་ཀྲའོ་རྒྱལ་ཁབ་ཀྱི་ཏའི་ཝང་ཅ་གསོན་བཟུང་བྱས་ཐོག ཀྲའོ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལྷག་འཕྲོ་རྩ་གཏོར་བཏང་ཞིང་། དེའི་ཕྱི་ལོ༢༢༡ལོར་ཤར་ཕྱོགས་སུ་དཔུང་བསྐྱོད་བྱས་ཏེ་འགོག་རྒོལ་ཅི་ཡང་མ་ཕྲད་པའི་གནས་ཚུལ་འོག་ཆི་རྒྱལ་ཁབ་རྩ་མེད་བཏང་སྟེ། ཆིན་ཧྲི་ཧོང་གིས་སྤྱི་ལོའི་སྔོན་གྱི༢༣༠ལོར་ཧན་རྒྱལ་ཁབ་མངའ་འོག་ཏུ་བསྡུས་པ་ནས་སྤྱི་ལོའི་སྔོན་གྱི་ལོ༢༢༡ལོར་ཆི་རྒྱལ་ཁབ་གཏོར་ཕམ་བཏང་བའི་དུས་ཡུན་ལོ་བཅུ་ལས་མ་འགོར་ཞིང་། རྒྱལ་ཕྲན་མང་པོས་བཅད་བཟུང་གིས་དབང་བསྒྱུར་བྱས་པའི་སྲིད་དབང་མཇུག་བསྒྲིལ་ཏེ་རྒྱ་རིགས་ཀྱིས་གཙོ་བོ་བྱས་པའི་གཅིག་གྱུར་གྱི་ཀྲུང་གོའི་རྒྱལ་ཁབ་ཐེངས་དང་པོ་བཙུགས་ཤིང་། རྒྱལ་ས་ནི་ཞན་དབྱང(དེང་སང་ཧྲན་ཤིས་ཞིང་ཆེན་གྱི་ཞན་དབྱང)ཡིན། གོང་མ་ཆིན་ཧྲི་ཧོང་གིས་དམག་འཁྲུག་ཐེངས་རེ་རྒྱལ་ཁ་ཐོབ་རེ་བཞིན་ས་གནས་དེར་ལམ་ལུགས་རྙིང་པ་རྩ་གཏོར་བཏང་ནས་ཅུན་ཞན་རིམ་པའི་སྲིད་འཛིན་ལམ་ལུགས་བཙུགས་ཐོག་མཁར་རྫོང་རྙིང་པ་བཤིག་པ་དང་། ཆུ་ལམ་བཤང་བ། འགྲིམ་འགྲུལ་ལམ་བདེ་རུ་གཏོང་བ། རྒྱལ་ཁབ་དྲུག་པོའི་དཔོན་རིགས་རྙིང་པ་དང་ཚོང་པ་ཆེན་པོ་རྣམས་ཐག་རིང་གི་ས་ཆར་གནས་སྤོས་རྒྱང་འབུད་དུ་བཏང་ནས་ཁོ་ཚོ་སླར་ཡང་མཉམ་འབྲེལ་བྱེད་མི་ཐུབ་པར་བཟོས་ཏེ་རང་ཉིད་ཀྱི་སྲིད་དབང་སྟོབས་ཤུགས་སྲ་བརྟན་ཏུ་གཏོང་བའི་བྱ་ཐབས་བཟུང་། ཀྲུང་གོ་གཅིག་གྱུར་བྱེད་པའི་ལས་དོན་གྲུབ་རྗེས་ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་བྱེད་པའི་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་སྲ་བརྟན་དུ་གཏོང་ཆེད་རྒྱལ་ཁབ་དྲུག་པོའི་སོ་སོའི་ནང་ཁུལ་གྱི་ལྕགས་རི་རྙིང་པ་བཤིག་ཏུ་བཅུག་ཅིང་། ཆིན་དང་། ཀྲའོ། ཡན་བཅས་ཀྱི་བྱང་ངོས་སུ་ཡོད་པའི་ལྕགས་རི་རྙིང་པར་ཞིག་གསོས་དང་ཕན་ཚུན་སྦྲེལ་དུ་བཅུག་སྟེ་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ལེ་དབར་ཁྲི་ཕྲག་གི་ལྕགས་རི་རིང་པོ་གསར་བཟོ་བྱས་ཤིང་། སྤྱི་ཚོགས་ཀྱི་དཔལ་འབྱོར་དང་རིག་གནས་གོང་འཕེལ་གཏོང་ཆེད་གལ་འགངས་ཆེ་བའི་བཅོས་བསྒྱུར་རབ་དང་རིམ་པ་བྱས་ཡོད། དེ་སྔོན་རྒྱལ་ཕྲན་མང་པོས་ས་ཁོངས་བཅད་བཟུང་བྱས་ནས་དབང་བསྒྱུར་དང་ཕན་ཚུན་དམག་འཁྲུག་རྒྱུན་མི་ཆད་པའི་དབང་གིས་ས་ཞིང་གི་འཇལ་ཚད་མི་འདྲ་བ་དང་། འཁོར་མདའི་ཞེང་ཚད་མི་འདྲ་བ། བཀའ་ཁྲིམས་མི་འདྲ་བ། ཡིག་གཟུགས་མི་འདྲ་བ། ཆབ་སྲིད་ལམ་ལུགས་མི་འདྲ་བ་སོགས་ཡོད་པའི་དབང་གིས་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ་བར་འགོག་རྐྱེན་ཆེན་པོ་ཡོད་པ་མཐོང་ནས་ཚང་མ་གཅིག་གྱུར་བཟོས་ཡོད། དེའི་ནང་ནས་གལ་ཆེ་ཤོས་ནི་སྲིད་འཛིན་ལམ་ལུགས་བཅོས་བསྒྱུར་བྱས་པ་དེ་ཡིན་ཅིང་། དེ་ལ་ཀུང་གསུམ་ཆིན་དགུ་ཟེར། དེའི་ནང་གི་ཀུང་གསུམ་ནི། བློན་ཆེན། ཐེ་ཝེ། ཡུལ་ཧྲི་ཏའི་ཧྥུ་བཅས་ཡིན། ༡.བློན་ཆེན། གཡས་བློན་དང་གཡོན་བློན་གཉིས་ཡོད་པ་དེས་གོང་མ་ལ་རམ་འདེགས་བྱས་ནས་ལས་དོན་ཐག་གཅོད་བྱེད་པ། ༢.ཐེ་ཝེ། དམག་དོན་སྤྱི་ཁྱབ་དཔོན་ཆེན་ཡིན། དེས་གོང་མ་ལ་རམ་འདེགས་བྱས་ནས་དམག་དོན་ཐག་གཅོད་བྱེད་པ། ༣.ཡུས་ཧྲི་ཏའི་ཧྥུ། བློན་ཆེན་གཞོན་པ་ཡིན་ཅིང་དེས་སྲིད་འཛིན་དཔོན་རིགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱེད་པ། ཆིན་དགུ་ནི། ཧྥུན་ཁྲང་། ལང་ཀྲུང་ལིན། ཝེ་ཝེ། ཐེ་ཧྥུ། ཐིན་ཝེ། ཏེན་ཁེ། ཙུང་ཀྲིན། ཧྲའོ་ཧྥུ། ཀྲི་སོའུ་ནི་ཧྲི་བཅས་ཡིན། ༡.ཧྥུན་ཁྲང་། དེ་མེས་པོའི་མཆོད་ཁང་དང་མཛད་སྒོ་བདག་གཉེར་བྱེད་མཁན་ཡིན་ཅིང་། དེའི་འོག་ཏུ་ཐེ་ཧྲི་དང་ཐེ་པུ་ཟེར་བའི་རྩིས་པ་དང་། ཐེ་དབྱི་ཟེར་བའི་སྨན་པ། པའོ་ཧྲི་ཟེར་བའི་ཤེས་ཡོན་ཅན་མང་པོ་ཡོད་ཅིང་། དེ་ཚོས་ལོ་རྒྱུས་དང་གནམ་རིག་སོགས་ཞིབ་འཇུག་བྱས་ནས་གོང་མའི་བློ་འདྲི་ས་བྱེད་པ། ༢.ལང་ཀྲུང་ལིན། ཕོ་བྲང་ནང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་བྱེད་མཁན་ཞིག ༣.ཝེ་ཝེ། ཕོ་བྲང་གི་སྒོ་སྲུང་བདག་གཉེར་བྱེད་མཁན། ༤.ཐེ་ཕུའུ། གོང་མའི་ཤིང་རྟ་འཁོར་ལོ་དང་རྟ་སོགས་བདག་གཉེར་བྱེད་མཁན་ཞིག ༥.ཐིན་ཝེ། སྤྱི་ཁྱབ་ཁྲིམས་དཔོན་ཡིན་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་ཉེས་དོན་ཁྲིམས་ལུགས་ལ་བདག་གཉེར་བྱེད་མཁན་ཡིན། ༦.ཏེན་ཁེ། མི་རིགས་གྲངས་ཉུང་གི་འགོ་གཙོ་དང་། མཚམས་འདྲི་མི་སྣའི་སྣེ་ལེན་སྐོར་བདག་གཉེར་བྱེད་མཁན། ༧.ཙུང་ཀྲིན། གོང་མའི་ཁྱིམ་རྒྱུད་ཀྱི་ལས་དོན་སྐོར་ལ་བདག་གཉེར་བྱེད་མཁན། ༨.ཧྲའོ་ཧྥུ། རྒྱལ་ཡོངས་ཀྱི་དཔྱ་ཁྲལ་བསྡུ་ལེན་དང་ལག་ཤེས་བཟོ་ལས་སོགས་བདག་གཉེར་བྱས་ནས་ཕོ་བྲང་ནང་གི་མཁོ་སྤྲོད་བྱེད་མཁན། ༩.ཀྲེ་སོའུ་ནི་ཧྲི། ནོར་སྲིད་ཀྱི་སྤྱི་ཁྱབ་དཔོན་ཆེན་ཡིན་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་ནོར་སྲིད་ལས་དོན་ལ་བདག་གཉེར་བྱེད་མཁན་ཡིན། དེ་མཚུངས་དེ་སྔོན་རྒྱལ་ཕྲན་མང་པོས་ས་ཁོངས་བཅད་བཟུང་བྱེད་པའི་ལམ་ལུགས་གཏོར་ནས་རྒྱལ་ཡོངས་སུ་ཅུན་དང་ཞན་གྱི་ལམ་ལུགས་བཙུགས་ཡོད་པ། ཐོག་མར་འཛུགས་སྐབས་ཅུན་སུམ་ཅུ་སོ་དྲུག་ཡོད་པ་དང་། རྗེས་སུ་བཞི་བཅུ་ལྷག་ཙམ་བར་འཕར་ཡོད། ཅུན་རེར་ཅུན་དཔོན་བསྐོས་ནས་དེས་ཅུན་གྱི་རིམ་པའི་སྲིད་འཛིན་དོ་དམ་དང་། ཝེ་དཔོན་བསྐོས་ནས་དེས་ཅུན་གྱི་རིམ་པའི་དམག་དོན་བདག་གཉེར་དང་། ཇན་ཡུས་ཧྲི་བསྐོས་ནས་དེས་ཅུན་གྱི་རིམ་པའི་ཁྲིམས་དོན་ཞིབ་དཔྱོད་དོ་དམ་བྱེད་པ་ཡིན། ཅུན་གྱི་འོག་ཏུ་ཞན་རིམ་པའི་ལས་ཁུངས་བཙུགས་ཏེ་ཞན་དཔོན་གྱིས་ཞན་གཅིག་གི་སྲིད་འཛིན་བདག་གཉེར་དང་། ཞན་ཝེས་ཞན་གྱི་རིམ་པའི་དམག་དོན་དོ་དམ་བྱེད་པ། ཞན་ཁྲེན་གྱིས་ཞན་རིམ་པའི་ཁྲིམས་ལུགས་དོ་དམ་བྱེད་པ་ཡིན། ཞན་གྱི་འོག་ཏུ་ཤང་གི་རིམ་པའི་སྲིད་འཛིན་ལས་ཁུངས་བཙུགས་ཏེ་ཤང་རེར་སན་ལའོ་ཞེས་རྒན་པོ་གསུམ་བསྐོས་ནས་དེས་མི་ལ་གོ་བསྐོན་སློབ་གསོའི་ལས་ཀ་བྱེད་པ་དང་། སེ་ཧྥུ་བསྐོས་ནས་དེས་ཁྲིམས་དང་། དཔྱ་ཁྲལ། འུ་ལག་བཅས་ཀྱི་ལས་ཀར་བདག་གཉེར་བྱེད་པ། དབྱིག་ཇའོ་བསྐོས་ནས་དེས་ཉེས་དོན་རྟོག་ཞིབ་དང་འཛིན་བཟུང་གི་ལས་དོན་སྒྲུབ་པ་ཡིན། ཤང་གི་འོག་ཏུ་ཐིན་བཙུགས་ཏེ། ཤང་གཅིག་ལ་སྤྱིར་བཏང་དུ་ཐིན་བཅུ་ཡོད་པ་དང་། ཐིན་རེར་ཐིན་ཀྲང་རེ་ཡོད་ཅིང་། ཐིན་གྱི་འོག་ཏུ་ལིས་བཙུགས་ཡོད་པ་སྤྱིར་བཏང་ཐིན་གཅིག་ལ་ལིས་བཅུ་ཡོད་པ་དང་། ལིས་རེར་ལིས་ཀྲིན་རེ་བསྐོས་ཡོད། དེ་འདྲ་བའི་ཅུན་ཞན་ལམ་ལུགས་དེས་བཀས་བཀོད་བརྒྱུད་འཛིན་གྱི་སྤྱི་ཚོགས་ནང་ས་ཞིང་སྒེར་ལ་དབང་བའི་ལམ་ལུགས་ཀྱིས་རྨང་གཞི་བྱས་པའི་ཞིང་བྲན་བདག་པོའི་དཔལ་འབྱོར་གཉིས་འོས་འཚམས་ཡོང་གི་ཡོད་པར་བརྟེན། རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་བཀས་བཀོད་བརྒྱུད་འཛིན་གྱི་རྒྱལ་རབས་ཚང་མས་ལམ་ལུགས་དེ་རྒྱུན་འཛིན་བྱས་ཏེ་ལོ་ཉིས་སྟོང་ལྷག་ཙམ་རིང་ལ་ལག་ལེན་བསྟར་ཡོད། ད་དུང་ས་ཞིང་ལམ་ལུགས་ཐད། སྤྱི་ལོའི་སྔོན་གྱི་ལོ༢༡༦ལོར་གོང་མ་ཆིན་ཧྲི་ཧོང་གིས་རྒྱལ་ཡོངས་ཀྱི་མི་སེར་རྣམས་ལ་རང་ཉིད་ལ་དངོས་ཡོད་ཀྱི་ས་ཞིང་གྲངས་འབོར་སྦས་བསྐུངས་མེད་པར་གོང་ཞུས་བྱེད་དགོས་པའི་བཀའ་ཁྱབ་བསྒྲགས་བྱས་ཏེ་ས་ཞིང་གི་གྲངས་ཚད་རྣམས་རྒྱལ་ཁབ་ཀྱི་དེབ་ཐོག་ཏུ་བཀོད་ནས་བཅད་གྲངས་ལྟར་དཔྱ་ཁྲལ་འཇལ་དགོས་པའི་གཏན་འབེབས་བྱས་ཤིང་། ཞིང་པ་རྣམས་ཀྱིས་དཔྱ་ཁྲལ་སྒྲུབ་རྗེས་ས་ཞིང་སྒེར་ལ་དབང་བ་དང་། ཐོན་སྐྱེད་བྱས་པའི་ལྷག་འཕྲོ་ཅུང་ཟད་རང་ཉིད་ལ་དབང་བ་བྱས་པ་དེས་ཞིང་པའི་ཐོན་སྐྱེད་ཀྱི་སེམས་ཤུགས་གོང་འཕེལ་གཏོང་ཐུབ་པ་བྱུང་ཡོད། གཞན་ཡང་ད་དུང་གོང་མ་ཆིན་ཧྲི་ཧོང་གིས་ཀྲུང་གོ་ཡོངས་རྫོགས་གཅིག་གྱུར་བྱས་ཟིན་པའི་ལོ་དེར་རྒྱལ་ཡོངས་ཀྱི་དངུལ་ལོར་གཅིག་གྱུར་བྱས་ཡོད། དེ་སྔོན་རྒྱལ་ཁབ་དྲུག་གིས་བཅད་བཟུང་དབང་བསྒྱུར་བྱེད་སྐབས་དངུལ་ལོར་གྱི་ཚད་གཞི་གཅིག་གྱུར་མེད་པ་དེས་རྒྱལ་ནང་གི་དཔལ་འབྱོར་གཅིག་གྱུར་ཐོག་དོ་དམ་བྱེད་རྒྱུར་འགོག་རྐྱེན་ཡོང་གི་ཡོད་སྟབས་དངུལ་ལོར་རྙིང་པ་དེ་དག་མི་དགོས་པ་བྱས་ནས་རྒྱལ་ཡོངས་ཀྱི་དངུལ་ལོར་ཚད་གཞི་གཅིག་གྱུར་བཟོས་པ་སྟེ། ཆིན་རྒྱལ་ཁབ་ཀྱི་དངུལ་ལོར་ཚད་གཞིར་བཟུང་ནས་དངུལ་ལོར་རིམ་པ་གཉིས་སུ་ཕྱེ་ནས་གསེར་གྱི་དངུལ་ལོར་ལ་སྲང་ཉི་ཤུ་ཡིན་པ་དང་། ཟངས་ཀྱིས་བཟོས་པའི་དོང་ཙེ་ནི་སྲང་རེའི་གྲངས་ཚད་དུ་བྱས་ནས་སྟབས་བདེ་རུ་བཏང་ཡོད། དེ་བཞིན་དུ། དེ་སྔོན་ཀྲན་གོའི་དུས་སྐབས་ཀྱི་འཇལ་གཤོར་འདེགས་གསུམ་ཚད་གཞི་གཅིག་གྱུར་མེད་སྟབས་རྒྱལ་ཡོངས་ཀྱི་ཉོ་ཚོང་དང་། དཔྱ་ཁྲལ་བསྡུ་བར་སྟབས་བདེ་མེད་པ་དེ་གཅིག་གྱུར་གྱི་ཚད་གཞིར་གཏན་འབེབས་བཟོས་ཡོད། འཇལ་བྱེད་གི་རྩིས་གཞི་ལ་ཚུན་དང་། ཁྲེ། ཀྲང་སོགས་སུ་ཕྱེ་ཞིང་། གཤོར་བྱེད་ཀྱི་རྩིས་གཞི་ལ་ཤིང་རྩེ་དང་། འབོ། ཟོམ། ཧུའུ་སོགས་ཡོད། འདེགས་བྱེད་ཀྱི་རྩིས་གཞི་ལ་ཞོ་དང་། སྲང་། ཏན་སོགས་ཕྱེ་ནས་རྒྱ་མ་དང་ཏན་མ་གཏོགས་དེ་བྱིངས་རྩིས་གཞི་ཚང་མ་བཅུ་འཕར་ཅན་ཤ་སྟག་ཡིན་སྟབས་གྲངས་ཚད་རྩི་བར་ཧ་ཅང་སྟབས་བདེ་ཡིན། དེ་བཞིན་རྒྱ་ཡིག་གི་ཡིག་གཟུགས་གཅིག་གྱུར་བཟོ་བ་དང་། འཁོར་ལོའི་འཁོར་མདའ་ཚད་གཅིག་གྱུར་བྱས་པ། ཆུ་བེད་མང་པོ་བཟོ་སྐྲུན་བྱས་པ། རྒྱ་ལམ་མང་པོ་གསར་དུ་བཟོ་བ་སོགས་བྱས་པ་དེ་རྒྱལ་ནང་གི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། འོན་ཀྱང་དུས་མཚུངས་སུ་རྒྱལ་ཡོངས་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་གཏོང་བའི་ཚད་གཞི་ནི་དེ་སྔོན་གྱི་རྒྱལ་རབས་རིམ་བྱུང་ལས་ལྷག་པ་མ་གཏོགས་ཆུང་བ་མིན་སྟབས། ཆིན་རྒྱལ་རབས་དེ་རྒྱལ་རབས་གཉིས་དང་། དུས་ཡུན་སྤྱི་ལོའི་གོང་གི་ལོ༢༤༦ནས༢༠༦བར་ལོ་བཞི་བཅུ་ཞེ་གཅིག་ལས་གནས་མ་ཐུབ་པར་རྩ་མེད་དུ་སོང་བ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྐབས་དེའི་ལམ་ལུགས་གསར་པ་དེའི་དབང་གིས་བྱུང་བ་མིན་པར་རང་ཉིད་ལ་སྲིད་དབང་ཐོབ་རྗེས། ལི་ཧྲན་བང་སོ་དང་། ཨ་ཧྥང་ཕོ་བྲང་བརྒྱབ་པ། ལྕགས་རི་རིང་པོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ནང་རྒྱ་ཆེའི་ངལ་རྩོལ་མི་དམངས་གྲངས་ལས་འདས་པ་མནར་གཅོད་དང་སྡུག་བསྔལ་ཚད་མེད་མྱངས་པའི་རྐྱེན་གྱི་ཡར་ལངས་ནས་གྱེན་ལོག་བྱས་ཏེ་གཏོར་བ་དེ་ཡིན་པ་ལས་རུའུ་ལུགས་ཀྱི་ཤེས་ཡོན་ཅན་གསོད་རྒྱུ་ཉུང་དྲགས་པ་དང་རིག་གཞུང་དཔེ་དེབ་མེར་བསྲེགས་གཏོང་རྒྱུ་ཉུང་དྲགས་པ་སོགས་ལས་བྱུང་བ་མིན། གོང་མ་ཆིན་ཧྲི་ཧོང་གིས་གོང་མ་ལོ༣༧བྱས་ཏེ་མཐར་སྤྱི་ལོའི་གོང་གི་ལོ༢༡༠ལོར་ལྷོ་ཕྱོགས་ཡུན་མོང་ལ་རྟོག་ཞིབ་ཏུ་སོང་ནས་ཕིན་ཡོན་ཅིན་དུ་སླེབས་དུས་ནད་ཕོག་ཏེ་ཟླ་བ༧པའི་ནང་ཧྲ་ཆིའུ་ཕིན་ཐེར་འདས་ཤིང་གདུང་རུས་རི་བོ་ལིས་ཧྲན་དུ་སྦས་ཡོད། འདིའི་ལོ་རྒྱུས་རྣམས་བོད་ཡིག་ཏུ་འཁོད་པ་དེ་སྔོན་མ་མཐོང་བས། སྐུ་ཞབས་ཧྥན་ཝེན་གྱིས་བརྩམས་པའི་རྒྱ་ཡིག་གི《ཀྲུང་གོའི་ཐུང་ཧྲི》(中国通史)ཟེར་བའི་དཔེ་དེབ་དང་པོ་དང་གཉིས་པ་ནས་གནས་བསྡུས་བྱས་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

གོང་མ་ཆིན་ཧྲི་ཧོང་སྟེ་སྤྱི་ལོ་སྔོན་གྱི་ལོ་༢༥༩ནས་༢༡༠བར་རུས་མིང་དབྱིན་ཡིན་པས་འདིའི་མིང་ལ་དབྱིན་ཀྲེན་ཟེར། སྐབས་དེར་གསར་དུ་དར་བའི་ཞིང་བདག་གྲལ་རིམ་གྱི་ཆབ་སྲིད་མཁས་པ་ཞིག་དང་ཀྲུང་གོ་གཅིག་གྱུར་བྱེད་མཁན་གྱི་གོང་མ་དང་པོ་དེ་ཡིན།

language:
Tibetan