Skip to main content Skip to search
che shos ngag dbang bshad sgrub bstan pa'i nyi ma
ID:
T230047
  • ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ (Tibetan, Tibetan script, Original)
    • > che shos ngag dbang bshad sgrub bstan pa'i nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > cheshö ngawang shedrub tenpé nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་མདོ་སྨད་ཙོང་ཁ་ཆུ་རུལ་ཁ་ཞེས་པར་ཡབ་སྔགས་འཆང་ཚེ་དབང་དང་། ཡུམ་སྐྱིད་རི་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་ལུག(༡༧༨༧)ལོར་འཁྲུངས། མཚན་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། ལོ་དེར་གདན་སར་གདན་དྲངས། དགུང་ལོ་དགུ་ལ་མི་ཉག་མཁན་པོ་ཚུལ་ཁྲིམས་བསྟན་པའི་ཉི་མའི་སར་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། དགུང་ལོ་བཅུ་གསུམ་ལ་སྐུ་འབུམ་དགོན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་ལ་གསན་བསམ་གནང་། དགུང་ལོ་བཅོ་ལྔའི་ཐོག་དབུས་སུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་བུའི་གླིང་དུ་ཆོས་གྲྭར་ཞུགས་ནས་མཁན་པོ་གྲགས་པ་མཁས་གྲུབ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དགུང་ལོ་ཉེར་གཅིག་ལ་གྲྭ་སྐོར་གནང་། དགུང་ལོ་ཉེར་གཉིས་པར་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས། དེ་ནས་མདོ་སྨད་དུ་ཕྱིར་བྱོན། དགུང་ལོ་སུམ་ཅུ་ཐམ་པར་སྐུ་འབུམ་གྱི་ཁྲི་ཆེན་ལ་ཕེབས། རྗེ་འདི་བྱང་ཕྱོགས་ཧོར་གྱི་ཡུལ་སྨད་སོགས་སུ་ཐེངས་དྲུག་ཕེབས་ནས་ཐེངས་རྗེས་མར་ཏ་ཡན་ཆི་བླ་མའི་དགོན་པར་མཚན་ཉིད་གྲྭ་ཚང་དང་། དར་ཧན་བེ་ལིག་དར་རྒྱས་ཆོས་གླིང་དུ་དུས་འཁོར་གྲྭ་ཚང་། ཨ་བྷ་ཀ་དགའ་ལྡན་བཤད་སྒྲུབ་གླིང་དུ་ལམ་རིམ་གྲྭ་ཚང་སོགས་གསར་སྐྲུན་མཛད། དེ་བཞིན་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི《ཆེ་ཤོས་ངག་དབང་བསྟན་པ་དང་རྗེ་གོང་མའི་རྣམ་ཐར་སྟོད་ཆ》《བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷ་བཅུ་གསུམ་མའི་བསྙེན་ཡིག་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ་ཤེལ་དཀར་མེ་ལོང》《རབ་གནས་བཀྲ་ཤིས་སྙེ་མའི་དགོངས་གསལ་ཤེལ་དཀར་མེ་ལོང》སོགས་བཀའ་རྩོམ་མང་དུ་མཛད། དགུང་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་ལུག(༡༨༥༩)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་མདོ་སྨད་ཙོང་ཁ་ཆུ་རུལ་ཁ་ཞེས་པར་ཡབ་སྔགས་འཆང་ཚེ་དབང་དང་། ཡུམ་སྐྱིད་རི་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་ལུག (༡༧༨༧) ལོར་འཁྲུངས། མཚན་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། ལོ་དེར་གདན་སར་གདན་དྲངས་། དགུང་ལོ་དགུ་ལ་མི་ཉག་མཁན་པོ་ཚུལ་ཁྲིམས་བསྟན་པའི་ཉི་མའི་སར་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། དགུང་ལོ་བཅུ་གསུམ་ལ་སྐུ་འབུམ་དགོན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་ལ་གསན་བསམ་གནང་། དགུང་ལོ་བཅོ་ལྔའི་ཐོག་དབུས་སུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་བུའི་གླིང་དུ་ཆོས་གྲྭར་ཞུགས་ནས་མཁན་པོ་གྲགས་པ་མཁས་གྲུབ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དེ་བཞིན་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་ཆེ་ཤོས་ངག་དབང་བསྟན་པ་དང་རྗེ་གོང་མའི་རྣམ་ཐར་སྟོད་ཆ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷ་བཅུ་གསུམ་མའི་བསྙེན་ཡིག་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུ་ཤེལ་དཀར་མེ་ལོང་། རབ་གནས་བཀྲ་ཤིས་སྙེ་མའི་དགོངས་གསལ་ཤེལ་དཀར་མེ་ལོང་སོགས་བཀའ་རྩོམ་མང་དུ་མཛད། དགུང་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་ལུག (༡༨༥༩) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1787 ལར་མདོ་སྨད་ཙོང་ཁའི་ཆུ་བཟང་ལུང་པའམ་ཆུ་རུལ་ཁར་ཡབ་སྔགས་འཆང་ཚེ་རིང་སྐྱབས་དང་། ཡུམ་སྐྱིད་རིལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1860 ལོར་མུ་རྒེ་དགོན་སུ་མུ་སྨོན་འཕེལ་གླིང་དུ་སྐུ་གཤེགས། དགུང་ལོ་བཞི་པར་ཆེ་ཤོས་ངག་དབང་བསྟན་པའི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་ལྔ་པར་འཇམ་བཞད་འཇིགས་མེད་དབང་པོར་མཇལ་ནས་ཆོས་འབྲེལ་ཐོབ། དགུང་ལོ་དྲུག་པར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་བཤད་སྒྲུབ་ཉི་མ་ཞེས་གསོལ། དགུང་ལོ་དགུ་པར་མི་ཉག་ཚུལ་ཁྲིས་བསྟན་པའི་ཉི་མ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་མནོས་ཏེ་མཚན་ལ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་གསོལ། དགུང་ལོ་བཅུ་བཞི་བར་སྐུ་འབུམ་གྱི་མཚན་ཉིད་གྲྭ་ཚང་གི་ཆོས་གྲྭར་ཞུགས། [570] དགུང་ལོ་བཅོ་ལྔ་པར་དབུས་སུ་ཕེབས་ནས་སེ་ར་སྨད་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགུང་ལོ་ཉེར་གཅིག་པར་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་མནོས། དེ་ནས་གླིང་བསྲེའི་དམ་བཅའ་ཐེངས་མང་མཛད་པས་མཁས་མང་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཏེ། སྡེ་བ་གཞུང་ནས་བསྟན་པའི་གསལ་བྱེད་མེ་རྒན་ཨེར་རྡེ་ནེ་མཁན་པོ་ཞེས་པའི་མཚན་སྙན་བསྩལ། དགུང་ལོ་ཉེར་གཉིས་པར་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར། དགུང་ལོ་ཉེར་གསུམ་པ་ནས་ལོ་བཞིའི་རིང་དུ་རྒྱུད་པ་བླ་མ་མགོན་ཀྱཱ་སྤྲུལ་སྐུའི་མདུན་ནས་སྔགས་ཕྱོགས་རྒྱུད་སྡེ་རྣམས་ལ་གསན་སྦྱོང་མཛད། དགུང་ལོ་སུམ་ཅུ་པར་སྐུ་འབུམ་བྱམས་པ་གླིང་གི་གདན་ཁྲིར་ཕེབས། དུས་འཁོར་གྲྭ་ཚང་གསར་འཛུགས་དང་། འདུ་ཁང་གསར་བཞེངས་མཛད། དགུང་ལོ་སོ་ལྔ་པར་པེ་ཅིན་དུ་ཕེབས་ནས་ལྕང་སྐྱ་རིན་པོ་ཆེ་དང་མཇལ། དེ་ནས་སོག་ཡུལ་དུ་ཕེབས་ཏེ་ཧོ་ཤོའི་དགོན་དུ་ལོ་ངོ་བརྒྱད་དུ་བཞུགས། དགུང་ལོ་ཞེ་གསུམ་པར་རང་ཡུལ་དུ་ཆིབས་བསྒྱུར་མཛད། དགུང་ལོ་རེ་གཉིས་པར་ཆུ་བཟང་རིན་པོ་ཆེས་ནན་ཞུས་ལྟར་བྱ་ཁྱུང་དགོན་པའི་ཁྲི་ཆེན་དུ་ཕེབས། དགུང་ལོ་རེ་བཞི་པར་ཁྲི་པ་དགོངས་པ་ཞུས་ཏེ། མཁན་པོ་སྐལ་བཟང་ནོར་བུ་ཁྲི་པར་བསྐོས། དགུང་ལོ་དོན་གཉིས་པར་ཨ་བྷ་ཀ་ཝང་གིས་ནན་གྱིས་གདན་ཞུས་མཛད་པར་བརྟེན་སོག་ཡུལ་དུ་ལན་རྟིང་མར་ཞབས་ཀྱིས་བཅགས། སྔ་ཕྱིར་སོག་པོའི་ཡུལ་དུ་ལན་བདུན་བྱོན། དེ་གའི་དགོན་སྡེ་ཆེ་ཕྲ་ཡོངས་ལ་ཞབས་ཀྱིས་བཅགས། བླ་དཔོན་མང་པོར་དབང་ལུང་བཤད་ཁྲིད་སོགས་ཆོས་ཀྱི་[571]སྦྱིན་པ་རྒྱ་ཆེར་བསྩལ། ལོ་སོ་ལྔའི་རིང་དུ་སོག་ཡུལ་ལ་དམ་ཆོས་སྤེལ་ཞིང་སྐུ་ཚེ་ཐ་མའི་ཆ་དེའང་སོག་པོའི་དད་ལྡན་རྣམས་ལ་ཕུལ་བ་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཐུའུ་བཀྭན་མཆོག་སྤྲུལ་བློ་བཟང་བཤད་སྒྲུབ་དབང་ཕྱུག་རྒྱ་མཚོ། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས། མགར་ཐར་ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་ཆོ་ག གསོལ་འདེབས། བཅའ་ཡིག བསངས་མཆོད། བསྟོད་ཚིག་བཅས་ཆོས་ཚན་དྲུག་ཅུ་རེ་གསུམ་ཡོད་པ་རྣམས་པོ་ཏི་གཉིས་སུ་བསྡུས་ཏེ་པར་ཤིང་དུ་བརྐོས་སོ།།

language:
Tibetan