- che shos blo bzang byang chub bstan pa'i sgron me
- ID:
- T230048
- ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ (Tibetan, Tibetan script, Original)
- > che shos blo bzang byang chub bstan pa'i sgron me (Tibetan, Latin script, Transliteration-THL Extended Wylie Transliteration)
- > cheshö lo zang changchub tenpé drönmé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་བྱུང་བཅུ་བཞི་པའི་ལྕགས་བྱ(༡༨༦༡)ལོར་མདོ་སྨད་ཁྱུང་ཀྱཱའི་སའི་ཆར་གཏོགས་ཐོག་ཁང་ལ་ཁ་ཞེས་པའི་སྡེ་བར་ཡབ་སྔགས་འཆང་དབང་རྒྱལ་དང་། ཡུམ་ཀ་ཏོ་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པར་སྐུ་གོང་མ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་སྐུ་སྐྱེ་རུ་ངོས་འཛིན་མཛད། ཨ་རིག་དགེ་བཤེས་སྨོན་ལམ་དཔལ་བཟང་རིན་ཆེན་གྱི་དྲུང་དུ་དགེ་བསྙེན་བསྒྲུབས་ཤིང་མཚན་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། ཁུ་བོ་བློ་བཟང་ཕུན་ཚོགས་དང་དགེ་བཤེས་བློ་བཟང་ཆོས་འབྱོར་གཉིས་ལས་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བདུན་པ་རབ་བྱུང་བཅོ་ལྔ་པའི་མེ་ཡོས་ལོར་ཆེ་ཤོས་བླ་བྲང་དུ་གདན་དྲངས། སྐུ་འབུམ་སྨན་པ་ཁྲི་ཟུར་དཀའ་ཆེན་བྱང་ཆུབ་རིན་ཆེན་གྱིས་མཁན་པོ་དང་། ཁྲི་ཆེན་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་ཉི་མ་དང་། ཉཱ་ཀྱ་ལྷ་རམས་པ་ངག་དབང་ཆོས་གྲགས། སྔགས་རམས་པ་བསྟན་པ་དར་རྒྱས་རྣམས་ཀྱིས་ལས་ཀྱི་ཁ་སྐོང་མཛད་ནས་བསླབ་པའི་གཞི་ལྔ་འཛིན་པའི་དགེ་བསྙེན་དང་བར་མ་རབ་བྱུང་གི་ཚུལ་ཁྲིམས་ལ་འགོད་པར་མཛད། མཚན་བྱང་ཆུབ་བསྟན་པའི་སྒྲོན་མེ་ཞེས་གསོལ། སྐུ་གོང་མའི་མཆོད་དཔོན་སྔགས་རམས་པ་བསྟན་པ་དར་རྒྱས་དགེ་རྒན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མང་དུ་གསན། དགུང་ལོ་དགུ་པ་ས་སྦྲུལ་ལོར་ཡུལ་གཞན་དུ་གནས་སྐོར་མཛད། སྨད་ཧོར་གྱི་ཡུལ་དང་། རྒྱ་ནག་རི་བོ་རྩེ་ལྔ། ཁྲང་ཨན། ཟི་ཁྲོན་ཁྲིན་ཏུ་ཕཱུ། དར་རྩེ་མདོ་སོགས་བརྒྱུད་ནས་དགུང་ལོ་བཅུ་གསུམ་ཐོག་ལྷ་སར་བྱོན། སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད། གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་དམ་པ་རྣམས་ལ་ཆོས་འབྲེལ་མཇལ་ཁ་རྟེན་བཅས་ཞུས། ཡོངས་འཛིན་བྱམས་པ་རིན་པོ་ཆེ་ལས་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་བཅུ་བཞི་པ་ཤིང་ཁྱི(༡༨༧༤)ལོར་རང་ཡུལ་བསམ་གཏན་གླིང་དུ་ཕེབས། བཅོ་ལྔ་པར་གྲུ་ཀྱཱ་སྨན་རམས་པ་བློ་བཟང་ཉི་མ་ཡོངས་འཛིན་དུ་བསྟེན་ནས་ཚད་མ་དང་ཕར་ཕྱིན་གྱི་གཞུང་ལ་གནད་འགག་རིགས་པའི་འཕྲུལ་འདེགས་ལོན་ངེས་ཀྱི་སློབ་སྦྱོང་ནན་ཏན་མཛད། དགུང་ལོ་ཉེར་གཅིག་ལ་ཐར་ཤུལ་རྡོ་རྗེ་འཆང་གི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་གསུམ་པར་དུས་འཁོར་དཔོན་སློབ་དང་ཤིང་སྤྲེལ་ལོར་རྒྱུད་པ་མཁན་པོའི་ཁྲིར་བཞུགས་ནས་ཆོས་འཆད་ཉན་དང་སྒྲིག་ལམ་ཀུན་སྤྱོད་སྐོར་ལ་ཚགས་འཛིན་དང་དོ་དམ་གང་ལེགས་མཛད། ཉེར་བརྒྱད་པ་ས་བྱི(༡༨༨༨)ལོར་གདན་སའི་ཁྲི་ཆེན་ལ་བཞུགས་ནས་སྨོན་ལམ་གསུང་ཆོས་དང་ཆོས་ཐོག་གི་བརྩི་བཞག་བཀའ་ཆོས་གང་ཡོད་རྒྱས་ཤིང་མཐའ་ཆོད་པའི་བཀའ་དྲིན་བླ་ན་མཐོ། དགུང་ལོ་སུམ་ཅུ་པར་དབུས་སུ་ཕེབས་ནས་ཕུར་ལྕོགས་བྱམས་པ་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས། ཆུ་འབྲུག་ལོར་སྐུ་འབུམ་དུ་བྱོན། དེ་བཞིན་སྔ་ཕྱིར་དབུས་གཙང་དང་ཧོར་གྱི་ཡུལ་གྲུ་སོགས་སུ་ལན་དུ་མར་ཆིབས་བསྐྱོད་མཛད་དེ། རང་ཉིད་མདོ་སྔགས་རིག་གནས་ཀྱི་ཆོས་རྒྱུན་མཐའ་ཡས་པས་གདུལ་བྱ་གཞན་དག་སྨིན་པ་དང་འགྲོལ་བ་བྱེད་པའི་མཛད་འཕྲིན་བསམ་གྱིས་མི་ཁྱབ། བཀའ་རྩོམ་ཡང《བྲིས་སྐུ་བཞེངས་ཚུལ་ངོ་མཚར་མཐོང་བ་དོན་ལྡན》《དཔལ་ལྡན་དུས་གྲྭའི་དབང་པོ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་མདོར་བསྡུས་འཇམ་དཔལ་དགྱེས་པའི་དགོངས་རྒྱན》《དཔལ་ཡེ་ཤེས་ཀྱི་མགོན་པོའི་བསྙེན་ཡིག་དོན་གཉིས་མཆོག་སྦྱིན》 《སྒྲོལ་མ་དམར་མོའི་ཆོ་ག་ཆ་ལག་ཚང་བ་ཁམས་གསུམ་དབང་དུ་བསྡུས་པའི་ལྕགས་ཀྱུ》《ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས་རང་གི་བགོ་སྐལ་དུ་མནོས་པའི་དབང་ཁྲིད་ལུང་གསུམ་གྱི་ཐོབ་ཡིག་མདོ་ཙམ་བཀོད་པ་ནོར་བུ་བེེཌཱུརྱའི་ཕྲེང་མཛེས་དཔྱོད་ལྡན་མགྲིན་པའི་དོ་ཤལ་ལས་ལུང་གི་སྐོར》སོགས་དཔོད་འབྲིང་ལྔ་ཙམ་བཞུགས། དགུང་ལོ་དོན་ལྔ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག(༡༩༣༤)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་བཅུ་བཞི་པའི་ལྕགས་བྱ (༡༨༦༡) ལོར་མདོ་སྨད་ཁྱུང་ཀྱཱའི་སའི་ཆར་གཏོགས་ཐོག་ཁང་ལ་ཁ་ཞེས་པའི་སྡེ་བར་ཡབ་སྔགས་འཆང་དབང་རྒྱལ་དང་། ཡུམ་ཀ་ཏོ་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པར་སྐུ་གོང་མ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་སྐུ་སྐྱེ་རུ་ངོས་འཛིན་མཛད། ཨ་རིག་དགེ་བཤེས་སྨོན་ལམ་དཔལ་བཟང་རིན་ཆེན་གྱི་དྲུང་དུ་དགེ་བསྙེན་བསྒྲུབས་ཤིང་མཚན་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་པ་ས་སྦྲུལ་ལོར་ཡུལ་གཞན་དུ་གནས་སྐོར་མཛད། སྨད་ཧོར་གྱི་ཡུལ་དང་། རྒྱ་ནག་རི་བོ་རྩེ་ལྔ། ཁྲང་ཨན། ཟི་ཁྲོན་ཁྲིན་ཏུ་ཕཱུ། དར་རྩེ་མདོ་སོགས་བརྒྱུད་ནས་དགུང་ལོ་བཅུ་གསུམ་ཐོག་ལྷ་སར་བྱོན། སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད། དགུང་ལོ་བཅུ་བཞི་པ་ཤིང་ཁྱི (༡༨༧༤) ལོར་རང་ཡུལ་བསམ་གཏན་གླིང་དུ་ཕེབས། བཅོ་ལྔ་པར་གྲུ་ཀྱཱ་སྨན་རམས་པ་བློ་བཟང་ཉི་མ་ཡོངས་འཛིན་དུ་བསྟེན་ནས་ཚད་མ་དང་ཕར་ཕྱིན་གྱི་གཞུང་ལ་གནད་འགག་རིགས་པའི་འཕྲུལ་འདེགས་ལོན་ངེས་ཀྱི་སློབ་སྦྱོང་ནན་ཏན་མཛད། བཀའ་རྩོམ་ཡང་བྲིས་སྐུ་བཞེངས་ཚུལ་ངོ་མཚར་མཐོང་བ་དོན་ལྡན། དཔལ་ལྡན་དུས་དགྲའི་དབང་པོ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་མདོར་བསྡུས་འཇམ་དཔལ་དགྱེས་པའི་དགོངས་རྒྱན། དཔལ་ཡེ་ཤེས་ཀྱི་མགོན་པོའི་བསྙེན་ཡིག་དོན་གཉིས་མཆོག་སྦྱིན། སྒྲོལ་མ་དམར་མོའི་ཆོ་ག་ཆ་ལག་ཚང་བ་ཁམས་གསུམ་དབང་དུ་བསྡུས་པའི་ལྕགས་ཀྱུ། ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས་རང་གི་བགོ་སྐལ་དུ་མནོས་པའི་དབང་ཁྲིད་ལུང་གསུམ་གྱི་ཐོབ་ཡིག་མདོ་ཙམ་བཀོད་པ་ནོར་བུ་བཻཌཱུརྱའི་ཕྲེང་མཛེས་དཔྱོད་ལྡན་མགྲིན་པའི་དོ་ཤལ་ལས་ལུང་གི་སྐོར་སོགས་པོད་འབྲིང་ལྔ་ཙམ་བཞུགས། དགུང་ལོ་དོན་ལྔ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག (༡༩༣༥) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ 1861 ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་སྔགས་འཆང་དབང་རྒྱལ་དང་། ཡུམ་ཀ་ཏོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ 1933 ལོར་སྐུ་གཤེགས། དགུང་ལོ་གསུམ་པར་དབོན་ཆུང་ཆོས་རྗེ་འཇམ་དབྱངས་ཆོས་འཕེལ་དང་། ཐར་ཤུལ་རིན་པོ་ཆེའི་ཕྱག་མཛོད་ཟླ་གྲགས་སོགས་ཀྱིས་ཆེ་ཤོས་གོང་མའི་སྤྲུལ་སྐུར་ངོས་འཛིན་མཛད། ལོ་དེར་ཨ་རིག་དགེ་བཤེས་སྨོན་ལམ་བཟང་པོ་རིན་ཆེན་གྱི་མདུན་ནས་དགེ་བསྙེན་བསྒྲུབས། མཚན་ལ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བདུན་པར་དཀའ་ཆེན་བྱང་ཆུབ་རིན་ཆེན་གྱི་མདུན་ནས་རབ་བྱུང་བསྒྲུབས་ཤིང་མཚན་ལ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ཞེས་གསོལ། དགུང་ལོ་བརྒྱད་པར་གདན་སར་ཧོར་དམག་འཛུལ་ནས་ཉམས་ཆག་བྱུང་སྟེ་ཉེན་བྱོལ་མཛད། དགུང་ལོ་དགུ་པར་སོག་ཡུལ་དུ་ཕེབས་ཏེ་མཆོད་ཡོན་[573]རྣམ་གཉིས་ཞལ་འཛོམས་མཛད། དགུང་ལོ་བཅུ་གཅིག་པར་ཆ་ཧ་ནས་ཐུའུ་བཀྭན་རིན་པོ་ཆེ་དང་མཇལ་ཏེ་རི་བོ་རྩེ་ལྔར་ཕེབས། དགུང་ལོ་བཅུ་གཉིས་པར་རི་བོ་རྩེ་ལྔ་ནས་ཁྲང་ཨན། ཟི་ཁྲོན་ཁྲེན་ཏུའུ། དར་རྩེ་མདོ། ཉག་ཆུ། ལི་ཐང་བཅས་བརྒྱུད་ནས་དབུས་སུ་འབྱོར། རྒྱལ་བ་འཕྲིན་ལས་རྒྱ་མཚོ་དང་མཇལ་ནས་དངུལ་དངོས་ཀྱི་འབུལ་བ་རྒྱ་ཆེར་ཕུལ། ཡོངས་འཛིན་ཕུར་ལྕོག་བྱམས་པ་ལས་དགེ་ཚུལ་གྱི་སྡོམ་པ་བླངས། དེ་ནས་སྙེ་ཐང་། བྱང་རྩེ་བརྒྱུད་དེ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་རིན་པོ་ཆེ་དང་མཇལ་ནས་ཆོས་འབྲེལ་ཡང་ཞུས། སྡེ་བ་གཞུང་གིས་ཁོང་ལ་པཱེ་ལེག་ཐུ་ནོམ་ཆི་མཁན་པོའི་མཚན་སྙན་དང་། མཁན་ཆས། བཀའ་ཐམ། རྟེན་ཆས་ཆ་ཚང་གནང་། དེ་ནས་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར། དགུང་ལོ་བཅོ་ལྔ་པར་སྨན་རམས་པ་བློ་བཟང་ཉི་མ་ཡོངས་འཛིན་དུ་བསྟེན་ནས་ཚད་མ་སྦྱོང་བའི་དབུ་བཙུགས། དགུང་ལོ་བཅུ་དྲུག་པར་རྒྱ་ཡག་ཚང་དང་ལྷན་དུ་གླིང་བསྲེལ་དཀའ་བཅུའི་གྲྭ་སྐོར་མཛད། དགུང་ལོ་ཉེར་གསུམ་པར་དུས་འཁོར་གྲྭ་ཚང་གི་སློབ་དཔོན་དང་། དགུང་ལོ་ཉེར་བཞི་པར་རྒྱུད་པ་མཁན་པོའི་ཁྲིར་བཞུགས། དགུང་ལོ་ཉེར་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ལ་ཕེབས། ཆོས་འཆད་ཉན་དང་། སྒྲིག་ལམ། ཀུན་སྤྱོད་སོགས་ལ་དག་ཐེར་མཛད། ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། ཚད་ལྡན་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྔ་ཙམ་ལ་བསྟེན་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མང་པོར་ཐོས་བསམ་རྒྱ་ཆེན་མཛད། སྔ་ཕྱིར་[574]དབུས་གཙང་དང་ཆེན་པོ་ཧོར་གྱི་ཡུལ་གྲུ། རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་ལན་དུ་མར་ཞབས་ཀྱིས་བཅགས་ཏེ། བོད་སོག་རྒྱ་གསུམ་གྱི་གདུལ་བྱ་མང་པོར་དམ་པའི་ཆོས་ཀྱི་གྲུ་ཆར་འབེབས། ཁོང་ནི་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་ཁྲི་ཆེན་དོན་གཅིག་པ་ཡིན། ཁོང་གི་གསུང་རྩོམ་ནི་ཐོབ་ཡིག་དང་། དྲིས་ལན། བཅའ་ཡིག གསོ་རིག་བཅས་པོ་ཏི་ལྔར་བཞུགས་སོ།།
- language:
- Tibetan