- 'jam dbyangs mkhyen brtse'i dbang phyug
- ID:
- T230505
- འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག (Tibetan, Tibetan script, Original)
- > 'jam dbyangs mkhyen brtse'i dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > jamyang khyentsé wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་རབ་བྱུང་དགུ་པའི་ཤིང་ཕོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ༡༥༢༤ལོར་གཙང་སྟོད་བོ་དོང་ཨེར་ཆོས་ལྡན་དུ་ཡབ་འ་ཞའི་གདུང་བརྒྱུད་དར་ཆོས་རྫོང་ཞེས་གྲགས་པའི་ས་སྐྱོང་དབང་པོ་དང་། ཡུམ་ཚེ་བརྟན་བུ་འདྲེན་གཉིས་ཀྱི་སྲས་སུ་ཨ་ཞེས་བྱ་བའི་སྐད་དྲག་པོ་འདོན་བཞིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཀུན་དགའ་ལེགས་པའི་བློ་གྲོས་ཞལ་སྔར་གཙུག་ཕུད་ཕུལ་ཏེ། མཚན་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གསོལ། དགུང་ལོ་ཉི་ཤུ་པར་གནས་བརྟན་ཆེན་པོ་ཀུན་དགའ་སོགས་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བཞེས། གོང་གི་མཁན་སློབ་དེ་དག་དང་། ཆོས་རྗེ་ནམ་མཁའ་དབང་ཕྱུག རྟ་ནག་སློབ་དཔོན་གནས་ཆུང་། བདག་ཆེན་ཁྲི་ཐོག་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་སུམ་ཅུ་རྩ་གཉིས་མཉེས་པ་གསུམ་གྱིས་མཉེས་པར་མཛད་དེ། གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་གདམས་ངག་ཐུན་མོང་མ་ཡིན་པ་ཉམས་ཁྲིད་དང་། ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཕྱི་ནང་གི་མན་ངག་སོགས་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་ཐུན་མོང་མ་ཡིན་པ་དུ་མ་དང་། གཞན་ཡང་མདོ་རྒྱུད་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས་བསམ་འགྲུབ་རྩེར་དང་། ར་ལུང་། རིན་ཆེན་སྒང་སོགས་སྒྲུབ་གནས་བྱོན་ཏེ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དགུང་ལོ་སོ་དྲུག་པར་བུ་སྟོན་རིན་པོ་ཆེའི་ཞབས་སྟེགས་ཀྱི་སེང་གེ་ཁྲི་ལ་ཆོས་ཀྱི་འཁོར་ལོ་སྒྱུར་བར་མངའ་གསོལ་ཏེ། འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་དཔལ་དུས་ཀྱི་འཁོར་ལོ་དང་། གསུང་ངག་རིན་པོ་ཆེ་སློབ་བཤད་ཐུན་མིན་གྱི་ཉམས་ཁྲིད་སོགས་བསྩལ་ཏེ། སྦྱིན་པ་དཔལ་དང་། འོ་བྲག་ཆོས་རྗེ། སློབ་དཔོན་བུདྡྷཱ་བ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་ཚོགས་མང་པོ་བསྐྲུན། གསུང་རྩོམ་ལ་གསུང་ངག་སློབ་བཤད་ཀྱི་ཆོས་འབྱུང་ཟིན་བྲིས། དམ་པའི་ཆོས་ཐོས་པའི་ཚུལ་གསལ་བར་སྟོན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་སྣང་བ། གསུང་མགུར་སོགས་པོད་བཞི་རྗེས་འཇུག་གདུལ་བྱའི་གསོས་སུ་བཞག་ཅིང་། མཐར་དགུང་གྲངས་བཞི་བཅུ་ཞེ་བཞི་པ་བོད་རབ་བྱུང་བཅུ་པའི་མེ་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ་༡༥༦༧ལོར་གཤེགས།
- language:
- Tibetan