- 'jam dbyangs mgon po
- ID:
- T230507
- འཇམ་དབྱངས་མགོན་པོ (Tibetan, Tibetan script, Original)
- > 'jam dbyangs mgon po (Tibetan, Latin script, Transliteration-THL Extended Wylie Transliteration)
- > jamyang gönpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་ལོ་རས་ཀྱི་སློབ་མ་འདི་ཉིད་ཡུལ་མྱང་སྟོད་བྱེ་བྲག་ཁམ་གྲོང་དུ་ཡབ་ཁྱུང་པོ་བསོད་ནམས་དཔལ་དང་ཡུམ་འགྲེ་མོ་ཁྱེ་འདྲེན་དཔལ་གྱི་སྲས་སུ་རབ་བྱུང་བཞི་པའི་ས་འབྲུག(༡༢༠༨)ལོར་སྐུ་བལྟམས། མཚན་བསོད་ནམས་མགོན་པོར་བཏགས། དགུང་ལོ་བཞི་ལྔ་ནས་སྐྱེ་བ་མང་པོ་དྲན། དགུང་ལོ་དྲུག་བདུན་ནས་སློབ་དཔོན་ལྕེ་སྟོན་སངས་རྒྱས་སོགས་ཀྱིས་ཆོས་གསུངས་པ་གསན་ནས་བྱིས་པ་གཞན་ལ་འཆད་པའི་བློ་གྲོས་ལྡན། ཇོ་གཟུངས་ཀྱི་དྲུང་ནས་ཀློག་བསླབས་པས་ཟླ་གཅིག་ཙམ་ནང་ལེགས་པར་མཁྱེན། དགུང་ལོ་བཅུ་པ་ལ་རབ་ཏུ་བྱུང་ནས་མཚན་ཤེས་རབ་འབྱུང་གནས་སུ་གསོལ། དེ་ནས་འོ་ཡུག་སོགས་སུ་མཚམས་དམ་པོར་བཅད་དེ་སྒོམ་ལ་བཞུགས། རིན་པོ་ཆེ་མར་སྟོན་གྱིས་མཁན་པོ་དང་། དུང་ལུང་པས་སློབ་དཔོན། སློབ་དཔོན་གཅུང་པོས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ཁྲོ་ཕུ་ལོ་ཙཱ་བ་ལས་བྱང་ཐང་དུ་སེམས་ཉིད་ངལ་གསོ་དང་རིན་ཆེན་འབྲུ་དགུ་རྣམས་ཞུས། སྟན་གཅིག་ལོ་བཅུ་བཞི་དང་། ཤ་མི་བཞེས་པར་ལོ་བཅུ་བདུན་བཞུགས། དེ་ནས་དབུ་རེ་བ་བསྟེན་ནས་ལོ་བརྒྱད་བཞུགས། འབྲུག་པའི་ཆོས་སྐོར་དབང་བཀའ་ཐམས་ཅད་གསན། ས་གདོན་གྱི་རྟོག་པ་ཆེན་པོ་བྱུང་བས་འདག་འབྱར་བྱས་ནས་འཇམ་དཔལ་གྱི་བསྙེན་པ་བསྐྱལ་བས་ནད་ཀྱི་རྟོག་པ་བསལ། དེ་ནས་ལྷ་རི་མོ་དང་མྱང་སྟོད་དང་ཆོས་ལུང་རྣམས་སུ་འདག་འབྱར་མཛད་དེ་ཐུགས་དམ་ལ་བཞུགས། མཁན་པོ་སྟོད་ལུང་པ་དང་། མཁན་པོ་དུང་ལུགས་པ། སློབ་དཔོན་སྦ་བ་གླན་སྟོན། སྟོང་ནག་ཆོས་ཀྱི་སོ་སེར། བླ་མ་ལྷ་སྒང་བ་སོགས་ལས་འདུལ་བ་དང་། ཚད་མ། དུས་འཁོར་གྱི་དབང་རྒྱུད། དབུ་མ། ས་སྡེ། སྤྱོད་ཕྱོགས། གསང་འདུས་འཕགས་སྐོར། སྒྲའི་བསྟན་བཅོས་སྦྱོར་དྲུག་སོགས་མང་དུ་གསན་ནས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཆེས་ཆེར་རྒྱས་པས། དོན་ཡོད་རྡོ་རྗེ་དང་། འཇམ་དབྱངས་མགོན་པོ་སོགས་ཀྱི་མཚན་བསྟོད་བྱུང་། སྟོད་སྨད་ཀྱི་མཚམས་ཀུ་རུ་ལུང་དུ་དགོན་པ་བཏབ། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གཞན་དོན་ཟད་མི་ཤེས་པ་བསྐྱངས། རྗེ་འདིས་མཛད་པའི་བསྟན་བཅོས་ཀྱང་། སྔགས་ཀྱི་དབང་རྒྱུད་འགྲེལ་མན་ངག་གི་སྐོར་དང་། མཚན་ཉིད་ཀྱི་གཞུང་བཤད་སྤྱི་བསྡུས་མང་པོ། མི་དཔྱད་དང་རྟ་དཔྱད་སྨན་དཔྱད་ལ་སོགས་པའི་འཇིག་རྟེན་གྱི་བསྟན་བཅོས་ཀྱང་མང་པོ་ཡོད། འདས་ལོ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
རྗེ་ལོ་རས་ཀྱི་སློབ་མ་འདི་ཉིད་ཡུལ་མྱང་སྟོད་བྱེ་བྲག་ཁམས་གྲོང་དུ་ཡབ་ཁྱུང་པོ་བསོད་ནམས་དཔལ་དང་ཡུམ་འགྲེ་མོ་ཁྱེ་འདྲེན་དཔལ་གྱི་སྲས་སུ་རབ་བྱུང་བཞི་པའི་ས་འབྲུག (༡༢༠༨) ལོར་སྐུ་བལྟམས། མཚན་བསོད་ནམས་མགོན་པོར་བཏགས། དགུང་ལོ་བཞི་ལྔ་ནས་སྐྱེ་བ་མང་པོ་དྲན། དགུང་ལོ་དྲུག་བདུན་ནས་སློབ་དཔོན་ལྕེ་སྟོན་སངས་རྒྱས་སོགས་ཀྱིས་ཆོས་གསུངས་པ་གསན་ནས་བྱིས་པ་གཞན་ལ་འཆད་པའི་བློ་གྲོས་ལྡན། ཇོ་གཟུངས་ཀྱི་དྲུང་ནས་ཀློག་བསླབས་པས་ཟླ་གཅིག་ཙམ་ནང་ལེགས་པར་མཁྱེན། སྟན་གཅིག་ལོ་བཅུ་བཞི་དང་། ཤ་མི་བཞེས་པར་ལོ་བཅུ་བདུན་བཞུགས། དེ་ནས་དབུ་རེ་བ་བསྟེན་ནས་ལོ་བརྒྱད་བཞུགས། འབྲུག་པའི་ཆོས་སྐོར་དབང་བཀའ་ཐམས་ཅད་གསན། སྟོད་སྨད་ཀྱི་མཚམས་ཀུ་རུ་ལུང་དུ་དགོན་པ་བཏབ། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གཞན་དོན་ཟད་མི་ཤེས་པ་བསྐྱངས། རྗེ་འདིས་མཛད་པའི་བསྟན་བཅོས་ཀྱང་། སྔགས་ཀྱི་དབང་རྒྱུད་འགྲེལ་མན་ངག་གི་སྐོར་དང་། མཚན་ཉིད་ཀྱི་གཞུང་བཤད་སྤྱི་བསྡུས་མང་པོ། མི་དཔྱད་དང་རྟ་དཔྱད་སྨན་དཔྱད་ལ་སོགས་པའི་འཇིག་རྟེན་གྱི་བསྟན་བཅོས་ཀྱང་མང་པོ་ཡོད། འདས་ལོ་མ་རྙེད།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1208 [635] ལོར་མྱང་སྟོད་ཁམ་གྲོང་དུ་ཡབ་ཁྱུང་པོ་བསོད་ནམས་དཔལ་དང་། ཡུམ་འདྲེ་མོ་ཁྱེ་འདྲེན་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་པའི་ལོ་ཚིགས་མི་གསལ། སློབ་དཔོན་གཙང་སྟོན་ལ་གསོར་བཅུག ཁོང་ཕྱག་དྲུག་པའི་འཕྲིན་ལས་གཏོང་བའི་དུས་སུ་ཕྱག་དྲུག་པ་ཡུད་ཙམ་ཞིག་གཟིགས། མཚན་ལ་བསོད་ནམས་མགོན་པར་གསོལ། དགུང་ལོ་དྲུག་བདུན་སྐབས་སུ་སློབ་དཔོན་ལྕེ་སྟོན་སངས་རྒྱས་དང་། ལྕེ་སྟོན་མགོན་པོ། གཡུ་ཐོག་ཇོ་རྒྱལ་ལ་སོགས་པ་མེ་ཏོག་སྡུད་པའི་ཆོས་གསུང་བ་བློ་ལ་ཟིན་ནས་བྱིས་པ་ཟླ་བོར་བཤད། དགུང་ལོ་བཅུ་པར་ཡུམ་གཤེགས་ནས་གཡས་རུར་ཕེབས། བླ་མ་མར་སྟོན་ལས་རབ་ཏུ་བྱུང་ཞིང་མིང་ལ་ཤེས་རབ་འབྱུང་གནས་ཞེས་གསོལ། ཟབ་ཁྲིད་ཞུས་ཏེ་འོ་ཡུག་སོགས་སུ་མཚམས་དམ་པོར་བཞུགས། མར་སྟོན་གྱིས་མཁན་པོ་དང་། དུང་ལུང་པས་སློབ་དཔོན། སློབ་དཔོན་གཅུང་པོས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། ཁྲོ་ཕུ་ལོ་ཙཱ་བ་ལས་སེམས་ཉིད་ངལ་གསོ་དང་རིན་ཆེན་འབྲུ་དགུ་རྣམས་ཞུས། སྟན་གཅིག་ལ་ལོ་བཅུ་བཞི་དང་། ཤ་མི་ཟ་བར་ལོ་བཅུ་བདུན་གྱི་བར་དུ་མཛད། དབུ་རི་བ་ལས་འབྲུག་པའི་ཆོས་སྐོར་དབང་བཀའ་ཐམས་ཅད་ཚང་བར་གསན་ནས་ལོ་བརྒྱད་དུ་བསྟེན་པར་མཛད། མཁན་པོ་སྟོད་ལུངས་པ་དང་། མཁན་པོ་དུང་ལུངས་པ། མཁན་པོ་ལས་སྟོད་པ་རྣམས་ལས་འདུལ་བ་དང་། སློབ་དཔོན་སྦ་བ་གླན་སྟོན་ལས་ཚད་མ། སློབ་དཔོན་ཟླ་གྲགས་ལས་དབུ་མ། ས་སྡེ། སྤྱོད་ཕྱོགས། གསང་འདུས་བཅས་དང་། བླ་མ་དབུས་པ་ལས་སྤྱོད་ཡུལ་བཀའ་བརྒྱུད་དང་། ཉམས་བརྒྱུད། སངས་[636]རྒྱས་དབོན་རས་འབྲུག་པའི་ཆོས་སྐོར། སློབ་དཔོན་རོག་སྟོན་ལས་སྒྲའི་བསྟན་བཅོས། དཀོན་མཆོག་རིན་ཆེན་ལས་རས་ཆུང་སྙན་བརྒྱུད། སློབ་དཔོན་སྟོན་གཞོན་ལས་སྦྱོར་དྲུག་བཅས་གསན་ནས་མཁས་གྲུབ་ཆེན་པོར་གྱུར། དབང་ཆེན་ཞུས་པའི་གསང་མཚན་ལ་དོན་ཡོད་རྡོ་རྗེ་ཞེས་གསོལ། ཁོང་ཤེས་རབ་ཤིན་ཏུ་ཆེ་བས་ཀུན་གྱིས་འཇམ་དབྱངས་མགོན་པོར་གསོལ། མྱང་སྟོད་སྨད་ཀྱི་མཚམས་ཀུ་རུ་ལུང་དུ་དགོན་པ་བཏབ། དགུང་ལོ་བཞི་བཅུ་རྩ་གསུམ་པ་རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1250 ལོར་ལོ་རས་པ་སྐུ་གཤེགས། རྒྱ་ནག་རི་བོ་རྩེ་ལྔ་ལ་ཡང་ཞབས་ཀྱིས་བཅགས་ཤིང་གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབས་ནས་ཞིང་ཁམས་སུ་གཤེགས། དེ་ལྟར་ལོ་རས་པ་བུ་སློབ་ནས་བརྒྱུད་པ་རྣམས་ལ་སྨད་འབྲུག་ཅེས་འབོད། ཁོང་གི་གསུང་རྩོམ་ནི《སྔགས་ཀྱི་དབང་རྒྱུད་འགྲེལ་བ་མན་ངག》གི་སྐོར། 《གཞུང་བཤད་སྤྱི་བསྡུས》མང་པོ། 《མི་དཔྱད》། 《རྟ་དཔྱད》། 《སྨན་དཔྱད》། 《རྩིས་ཀྱི་བསྟན་བཅོས》བཅས་ཤིན་ཏུ་མང་པོ་མཛད་དོ༎
- language:
- Tibetan
4. Lokesh Chandra Tibetan-Sanskrit dictionary
- Sanskrit:
- mañjughoṣanātha