Skip to main content Skip to search
'jam dbyangs chos rje bkra shis dpal ldan
ID:
T230508
  • འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན (Tibetan, Tibetan script, Original)
    • > 'jam dbyangs chos rje bkra shis dpal ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang chöjé tashi palden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་མཆོག་ནི་རབ་བྱུང་དྲུག་པའི་ས་ལུག(༡༣༧༩)ལོར་བསམ་ཡས་སུ་ཡབ་དགེ་བསྙེན་པ་ཞུ་བ་ཞིག་གི་སྲས་སུ་སྐུ་འཁྲུངས། རྩེད་ཐང་དུ་རབ་ཏུ་བྱུང་སྟེ་གྲལ་འཛིན་མཛད། དེར་ལེགས་བཤད་གསེར་ཕྲེང་ཐུགས་འཛིན་གནང་། གསང་ཕུར་གཉལ་རྒོད་རིན་ཆེན་བསམ་གྲུབ་དང་ལྡན་མ་དཀོན་མཆོག་སེང་གེ་ལས་ཕར་ཚད་དང་། སྐྱོར་མོ་ལུང་དུ་མཁྱེན་ཆེན་དཀའ་བཞི་པ་ལས་འདུལ་མངོན། དགའ་ལྡན་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལས་གྲངས་ངེས་རྣམ་འབྱེད་དང་། རྩ་འཇུག་གི་རྣམ་བཤད། ལམ་རིམ་ཆེ་ཆུང་། སྔགས་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེར་གསན་ནས་མཁྱེན་རབ་ཟླ་དང་བྲལ་བར་གྱུར། དེ་ནས་རྗེ་ཙོང་ཁ་པ་ཆེན་པོས་མཁན་པོ་དང་། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་ལས་སློབ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། རྗེ་ཙོང་ཁ་པ་ཆེན་པོས་འགོག་པ་རི་ནས་གཏེར་བཞེས་པའི་ཆོས་དུང་གནང་སྟེ་དགོན་པ་ཞིག་འདེབས་དགོས་པའི་བཀའ་བཞིན་དགུང་གྲངས་སོ་བརྒྱད་ལ་ཕེབས་པ་མེ་སྤྲེལ(༡༤༡༦)ལོར་སྣེའུ་པ་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་པ་ལེགས་པར་བཏབ། དེ་ཡང་གནས་དེར་ཕེབས་ནས་ཐོག་མར་དགོན་པའི་ཤར་ཕྱོགས་ཀྱི་གཟིམ་སྤྱིལ་དེང་སང་བྲག་ཐོག་ཁང་ཟེར་བ་དེར་བཞུགས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དགོན་གནས་ལེགས་པར་ཐེབས་ནས་ཆོས་རྗེ་ཉིད་ཀྱིས་གྲྭ་ཚང་སོ་སོར་སློབ་དཔོན་བསྐོ་གཞག་མཛད་ཅིང་། རྗེ་རིན་པོ་ཆེའི་བཤད་སྒྲུབ་ཀྱི་སྲོལ་གོང་དུ་འཕེལ་བར་མཛད། ཆོས་རྗེ་རང་ཉིད་ཀྱིས་ཆོས་ཐོག་ནམ་ཚུགས་སུ་མདོ་ཕྱོགས་ཀྱི་པུ་ཏི་བརྒྱད་བརྒྱད་རང་རང་གི་བོལ་འགྲེལ་རེ་དང་སྦྱར་ནས་གསུངས་ཤིང་། སྤྱིར་ན་གཞུང་ལུགས་ཀྱི་པུ་ཏི་ཆེན་མོ་བརྒྱ་དང་སུམ་ཅུ་ལ་བཤད་པ་མཛད། གཞན་ཡང་གསང་འདུས་འཕགས་ལུགས་དང་། བདེ་མཆོག་ལཱུ་ནག་དྲིལ་གསུམ་ལ་སོགས་པ་ཡི་དམ་གྱི་ལྷ་མང་པོའི་བསྙེན་པ་རྒྱུན་དུ་མཛད། ཞག་རེ་ལ་ཨ་རཱ་པ་ཙ་སྟོང་ཕྲག་གཉིས་རེ་དང་། མཚན་བརྗོད་ཚར་གསུམ་རེ། ཡིག་དྲུག་ཁྲི་ཚོ་རེ་ཆག་མེད་བཟླ་བར་མཛད་པས་ཕྱིས་མ་ཎི་དུང་ཕྱུར་གཉིས་ལྷག་པར་ལོངས། རྗེ་ཉིད་འཆད་ཉན་ཕུན་སུམ་ཚོགས་པ་བྱུང་བ་དང་བདེ་སྟོང་དབྱེར་མེད་ཀྱི་རྫོགས་རིམ་མངའ་བས་རླུང་འོད་ཟེར་ལྔ་པ་གཟིགས། ཕྱག་རྫས་རྣམས་ཆོས་ཕྱོགས་དང་སློབ་མ་སྐྱོང་བ། སྦྱིན་པར་གཏོང་བ་ལས་ཆགས་ཞེན་ཡེ་ནས་མི་གནང་། མཁས་གྲུབ་ཀྱི་སློབ་མ་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དང་། ཉན་པོ་ཤཱཀྱ་རྒྱལ་མཚན། མཁན་ཆེན་དཔལ་བློ་བ། སློབ་དཔོན་སྒ་ལེབ། སྣར་ཐང་པ་རབ་མཆོག ཉག་རེ་རྡོ་རྗེ་རྒྱལ་མཚན་སོགས་དུ་མ་འདུས། དགུང་ལོ་སོ་བརྒྱད་ནས་དགུང་ལོ་བདུན་ཅུ་བར་ལོ་སོ་གཉིས་རིང་གདན་ས་ཆེན་པོ་འདིར་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེ་བསྐོར། ས་འབྲུག(༡༤༤༨)ལོར་བསླབ་བཏུས་ཀྱི་བརྩོན་འགྲུས་ལེའུའི་མཇུག་ཆོས་ཐུན་གཉིས་ཀྱིས་རྫོགས་པར་མཛད། དེ་བཞིན《རྗེ་ཙོང་ཁ་པ་ཆེན་པོའི་གསང་བའི་རྣམ་ཐར་གསོལ་འདེབས》དང《ཤེར་ཕྱིན་གྱི་དོན་ལས་དང་པོ་བས་ཉམས་སུ་ལེན་བདེ་བ》སོགས་བསྟན་བཅོས་མང་པོ་ལྗགས་རྩོམ་གནང་། དགུང་ལོ་དོན་གཅིག་ལ་ཕེབས་པ་ན་མྱ་ངན་ལས་འདའ་བའི་ལྟས་བྱུང་བའི་ཚེ་གཟིམ་ཆུང་དུ་ཕེབས། ཞབས་གཉིས་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་མཛད་དེ་ཐུགས་དམ་ལ་ཐུགས་གཏད་པས། སྐུ་སྨད་ནས་དྲོད་ཡར་ལ་རིམ་གྱིས་བསྡུས་པའི་ཚེ་རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་བྲིས་སྐུ་དེ་སྤྱན་དྲངས་པས་དེ་ལ་སྤྱན་གདངས་ཏེ་ཨོལ་སྐོ་སྐུ་དཔུང་གཡོན་པའི་སྟེང་དུ་བཞག་ནས་ཞག་འགའ་བཞུགས་པས་ཕལ་ཆེར་གྱིས་སྐུའི་གཟི་མདངས་ལ་དཔགས་ནས་འཁྲུལ་པ་ཡང་སྐྱེས། དེ་ལྟར་རབ་བྱུང་བརྒྱད་པའི་ས་སྦྲུལ(༡༤༤༩)ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་ཞི་བར་གཤེགས་སོ། །

language:
Tibetan

2. Thupten Phuntsok Dictionary

རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་མཆོག་ནི་རབ་བྱུང་དྲུག་པའི་ས་ལུག (༡༣༧༩) ལོར་བསམ་ཡས་སུ་ཡབ་དགེ་བསྙེན་པ་ཞུ་བ་ཞིག་གིས་སྲས་སུ་སྐུ་འཁྲུངས། རྩེད་ཐང་དུ་རབ་ཏུ་བྱུང་སྟེ་གྲལ་འཛིན་མཛད། དེར་ལེགས་བཤད་གསེར་ཕྲེང་ཐུགས་འཛིན་གནང་། གསང་ཕུར་གཉལ་རྒོད་རིན་ཆེན་བསམ་གྲུབ་དང་ལྡན་མ་དཀོན་མཆོག་སེང་གེ་ལས་ཕར་ཚད་དང་། སྐྱོར་མོང་ལུང་དུ་མཁན་ཆེན་དཀའ་བཞི་པ་ལས་འདུལ་མངོན། དགའ་ལྡན་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལས་གྲངས་ངེས་རྣམ་འབྱེད་དང་། རྩ་འཇུག་གི་རྣམ་བཤད། ལམ་རིམ་ཆེ་ཆུང་། སྔགས་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེར་གསན་ནས་མཁྱེན་རབ་ཟླ་དང་བྲལ་བར་གྱུར། ཙོང་ཁ་པ་ཆེན་པོས་འགོག་པ་རི་ནས་གཏེར་བཞེས་པའི་ཆོས་དུང་གནང་སྟེ་དགོན་ཞིག་འདེབས་དགོས་པའི་བཀའ་བཞིན་དགུང་གྲངས་སོ་བརྒྱད་ལ་ཕེབས་པ་མེ་སྤྲེལ (༡༤༡༦) ལོར་སྣེའུ་པད་པ་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་ལེགས་པར་བཏབ། དེ་ཡང་གནས་དེར་ཕེབས་ནས་ཐོག་མར་དགོན་པའི་ཤར་ཕྱོགས་ཀྱི་གཟིམ་སྤྱིལ་དེང་སང་བྲག་ཐོག་ཁང་ཟེར་བ་དེར་བཞུགས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། རབ་བྱུང་བརྒྱད་པའི་ས་སྦྲུལ (༡༤༤༩) ལོའི་ས་ག་ཟླ་བའི་ཚེ་བཅོ་བརྒྱད་ཉིན་ཞི་བར་གཤེགས་སོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ 1379 ལོར་བསམ་ཡས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1449 ལོར་འབྲས་སྤུངས་སུ་སྐུ་གཤེགས། ཁོང་ཐོག་མར་རྩེད་ཐང་དུ་རབ་བྱུང་མཛད་དེ་ཆོས་གྲྭར་ཞུགས། གསང་ཕུར་གཉལ་རྒོད་རིན་ཆེན་བསམ་གྲུབ་དང་། ལྡན་མ་དཀོན་མཆོག་སེང་གེ་ལས་ཕར་[637]ཚད་དང་། སྐྱོར་མོ་ལུང་དུ་མཁན་ཆེན་དཀའ་བཞི་པ་ལས་འདུལ་མངོན་སོགས་གསན། ཁྱད་པར་དུ་རྗེ་ཙོང་ཁ་པ་ལས་དབུ་མ་རྩ་འཇུག་གི་བཤད་པ་དང་། དྲང་ངེས། འདུལ་བ། ལམ་རིམ་ཆེ་ཆུང་། སྔགས་རིམ་ཆེན་མོ། གསང་འདུས་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་དང་བཅས་པ། བཤད་རྒྱུད་ལྔ་དང་། མདོར་བྱས། མདོ་བསྲེ། རྣམ་བཞག་རིམ་པ་སོགས་དང་། བདེ་དགྱེས་ཀྱི་ཆོས་སྐོར་ཡོ་ག་སྐོར་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཕལ་ཆེ་བ་གསན་ཏེ་མཁྱེན་རབ་འགྲན་ཟླ་དང་བྲལ་བ་བྱུང་། མཁས་དབང་ཡེ་བཟང་རྩེ་བས་ཀྱང་རྗེ་བླ་མའི་སྲས་གཅིག་ལ་འབྲས་སྤུངས་ཆོས་རྗེ་འདི་རང་མཁྱེན་རབ་ཆེ་ཞེས་བསྔགས་པར་མཛད། དེ་ནས་རྗེ་ཙོང་ཁ་པས་མཁན་པོ་དང་། འདུལ་བ་འཛིན་པས་ལས་སློབ། རྒྱལ་ཚབ་ཆོས་རྗེས་གསང་སྟོན་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེའི་ཚེ་རྗེ་ཙོང་ཁ་པས་འགོག་པ་རིར་གཏེར་ནས་བཞེས་པའི་ཆོས་དུང་དཀར་པོ་ཆོས་རྗེ་འདི་བ་ལ་གནང་བཞིན་ཁྱོད་ཀྱིས་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་། དགོན་མ་ལས་བུ་དགའ་བའི་དར་རྒྱས་ཆེ་བ་འོང་གསུངས་པས། སྣེའུ་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་ཆོས་རྗེ་འདི་ཉིད་དགུང་ལོ་སོ་བརྒྱད་པར (1416) དཔལ་ལྡན་འབྲས་སྤུངས་དགོན་པ་བཏབ་སྟེ་ཆོས་ཐོག་ཏུ་ཁོང་གིས་མདོ་ཕྱོགས་ཀྱི་པོ་ཏི་བརྒྱད་བརྒྱད་རང་རང་གི་འགྲེལ་བ་པོད་ཊིཀ་དེ་དང་སྦྱར་ནས་བཤད་པ་ཞིབ་ཅིང་གསལ་ལ་རྒྱུས་པ་རེ་གནང་བས་མཁས་པ་ཀུན་གྱི་ཐུགས་[638]རབ་ཏུ་འཕྲོག་པར་གྱུར། ཁོང་གིས་སྤྱིར་མདོ་ཕྱོགས་དང་སྔགས་ཕྱོགས་ཀྱི་གཞུང་ལུགས་པོ་ཏི་ཆེན་པོ་བརྒྱ་དང་སུམ་ཅུའི་ཚིག་དོན་མཐའ་དག་ཐུགས་སུ་བཟུང་ནས་ཐུགས་ཐོག་ཁོ་ནས་འཆད་པ་མཛད་པའི་མཁྱེན་རབ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པར་གསུངས། གསུང་ལས་སྐྱེས་པའི་བུ་སློབ་ཡང་། མུས་སྲད་པ་བློ་གྲོས་རིན་ཆེན། ཉན་སྟོན་པ་ཤཱཀྱ་རྒྱལ་མཚན། རྗེ་སྨོན་ལམ་དཔལ་བ། སློབ་དཔོན་སྒ་ལེབ་དང་ལྟག་ལེབ་གཉིས། ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་རྗེ་ནམ་མཁའ་བློ་གྲོས། གཙང་བ་ཀུན་རྒྱལ་བ་བཅས་སྡེ་སྣོད་འཛིན་པ་མཐའ་ཡས་པ་བྱུང་ངོ་།།

language:
Tibetan