- 'ju mi pham rnam rgyal rgya mtsho
- ID:
- T230583
- འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ (Tibetan, Tibetan script, Original)
- > 'ju mi pham rnam rgyal rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > ju mipam namgyal gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ༡༨༤༦ལོར། ཡབ་འཇུ་མགོན་པོ་དར་རྒྱས་དང་། ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་ཡུལ་མདོ་ཁམས་སྡེ་དགེ་ཟླ་ཆུ་ཡ་ཆུའི་དིང་ཆུང་ཞེས་པར་སྐུ་འཁྲུངས། ཁུ་བོ་པད་མ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་མཚན་གསོལ། ཆུང་ངུའི་དུས་ནས་ཡི་དམ་འཇམ་དཔལ་ཞི་དྲག་དང་། ཆོས་སྐྱོང་གེ་སར་གཉིས་ཁོ་ན་ལ་དད་པ་ཞིག་བྱུང་། དགུང་ལོ་བདུན་བརྒྱད་ཙམ་ནས་སྡོམ་གསུམ་རྣམ་ངེས་དང་། རྩིས་དཀར་ནག་གི་སྔོན་འགྲོ་ཐུགས་འཛིན་མཛད། དགུང་གྲངས་བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་ཅིང་ལྗགས་རྩོམ་ཀྱང་ཅི་རིགས་གནང་། དགུང་ལོ་བཅུ་གཉིས་ལ་ཕེབས་པ་མེ་སྦྲུལ (༡༨༥༧) ལོར་གསང་སྔགས་ཆོས་གླིང་དགོན་དུ་ཕེབས་ཏེ་གྲྭ་བཙུན་གནང་། དགུང་གྲངས་བཅོ་ལྔ་སྐོར་ཞིག་ན་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པ་མཁྱེན། དགུང་གྲངས་བཅོ་བརྒྱད་བཅུ་དགུའི་སྐོར་ནས་སྐུ་ཞང་འགྱུར་བཟང་དང་ལྷན་དུ་ལྷ་སར་ཕེབས། དེ་ནས་ལྷོ་གནས་རྒྱས་པར་བྱོན་ཞོར་ལྷོ་བྲག་མཁར་ཆུར་ཕེབས་པའི་ཚེ་ཐ་མལ་གྱི་སྣང་བ་འགྱུར། བདེ་དྲོད་ཀྱི་ཉམས་འབར་བ་སོགས་གནས་ཀྱི་བྱིན་རླབས་ཐོབ། ཕྱིར་རང་ཡུལ་ལོག་རྗེས་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏི་འཇམ་དཀར་གྱི་རྗེས་གནང་དང་། ཆོས་སྐྱོང་གི་སྲོག་གཏད་སོགས་གསན། དཔལ་སྤྲུལ་རིན་པོ་ཆེ་ལས་སྤྱོད་འཇུག་ཤེས་རབ་ལེའུ་སོགས་རྒྱུད་ལུང་མན་ངག་མང་པོ་གསན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས། ཐུན་མོང་གི་གཞུང་ལུགས་དུ་མ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་བཤད་པ་སོགས་མན་ངག་ཕྱག་བཞེས་དམར་ཁྲིད་མང་པོ་ཞུས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས། སྒྲ་ཙནྡྲ་པ་དང་། དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང་། འཇམ་དཔལ་ཚེ་བདག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་གྱི་རིགས་མཐའ་ཡས་པ་གསན། དཔལ་སྤུངས་རིག་གནས་སློབ་གྲྭ་རུ་གསོ་བ་རིག་པ་དང་། རྩིས་དཀར་ནག་བཅས་སློབ་གཉེར་མཐར་ཕྱིན་གནང་། འཇུ་དབོན་འཇིགས་མེད་རྡོ་རྗེ་ལས་མདོ་སྡུད་པའི་བཤད་པ། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ། འཇམ་དབྱངས་བློ་གཏེར་དབང་པོ་ལས་ཚད་མ་རིགས་གཏེར། སེར་ཤུལ་དགེ་བཤེས་ལྷ་རམས་པའི་མདུན་ནས་མཛོད་ཀྱི་བཤད་ལུང་སོགས་མདོར་ན་རིས་མེད་ཀྱི་མཁས་གྲུབ་དུ་མའི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་མ་མཁྱེན་པ་མེད་པར་བསླབས། སྐུ་ཚེ་ཕལ་ཆེར་ཕྱོགས་མེད་རིས་མེད་ཀྱི་དབེན་གནས་རྣམས་སུ་སྒྲུབ་པ་ཉམས་ལེན་ཁོ་ན་མཛད་ཅིང་རྨེ་ཤོད་དཀར་མོ་སྟག་ཚང་དུའང་ལོ་བཅུ་གསུམ་དུ་བཞུགས་ནས་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། རི་བོ་དགེ་ལྡན་པའི་མཁས་པ་ཆེན་པོ་དཔའ་རིས་རབ་གསལ་དང་རྩོད་ཡིག་འགའ་ཞིག་བཏང་རེས་བྱས། མདོར་ན་རྗེ་འདི་ཉིད་སྐུ་ཚེའི་གང་པོར་གྲུབ་མཐར་རིས་མེད་ཀྱི་མཁས་གྲུབ་དུ་མར་བསྟེན་ཞིང་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱོང་པ་མཐར་མ་ཕྱིན་པ་མེད་པ་དང་། སྐུ་ཚེ་བསྙེན་སྒྲུབ་མཛད་པས་ཡི་དམ་ལྷ་ཐམས་ཅད་ཀྱིས་ཞལ་མ་གཟིགས་པ་མེད་པ། ཟབ་དོན་མཐའ་དག་དགོངས་པའི་ཀློང་ནས་རང་བརྡོལ་དུ་བྱུང་བའི་གསུང་རབ་བསྟན་བཅོས་པུ་སྡི་སུམ་ཅུ་ལྷག་ཙམ་བཞུགས་པ། ཉིད་ཀྱི་ཞལ་སློབ་གཙོ་བོར། རྡོ་གྲུབ་ཆེན་རིན་པོ་ཆེ། གཏེར་སྟོན་བསོད་རྒྱལ། རྫོགས་སྤྲུལ་ལྔ་པ། ཀཿཐོག་སི་ཏུ་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ་སྤྲུལ་སྐུ། ཞེ་ཆེན་རབ་འབྱམས། དཔལ་ཡུལ་རྒྱ་སྤྲུལ། དཔལ་ཡུལ་ཀརྨ་ཡང་སྤྲུལ། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག གླིང་རྗེ་དྲུང་། ཨ་འཛོམས་འབྲུག་སྤྲུལ། རྟོགས་ལྡན་ཤཱཀྱ་ཤྲཱི། ངོར་དཔོན་སློབ། དགུ་རོང་སྤྲུལ་སྐུ་སོགས་ས་དགེ་བཀའ་རྙིང་གི་མཁས་ཆེན་དམ་པ་རྣམས་དང་། ས་སྐྱོང་སྡེ་དགེ་རྒྱལ་པོ་དང་། གླིང་ཚང་རྒྱལ་པོ་སོགས་བོད་ཀྱི་དཔོན་རིགས་རྣམས་དང་། འབྱོར་ལྡན་བསྟན་པའི་སྦྱིན་བདག་མང་པོའི་བླ་མར་གྱུར། དེ་ནས་དགུང་ལོ་རེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ༡༩༡༢ལོའི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་སྐུ་མཚམས་གྲོལ། ཚེས་བཅོ་བརྒྱད་ཉིན་འགྲུལ་པ་འགའ་ཞིག་གིས་གདོན་ནད་ལྟ་བུ་ཞིག་གིས་སྙུང་གཞི་བཞེས་པ་དང་། ཚེས་ཉེར་གཅིག་ཉིན་མཐའ་མའི་ཞལ་ཆེམས་ཕྱག་བྲིས་མཛད་ནས་གསང་ཉར་མཛད། ཉེར་ལྔའི་ཉིན་ད་ནི་དིས་མགོ་ཚང་སོགས་ཡོན་བདག་དང་། རྡི་སྤྲུལ་སོགས་ཕྱོགས་ཀྱི་མཇལ་མི་ཐམས་ཅད་ཤོག་གསུངས། སྐུ་མདུན་དུ་བཅར་ཏེ་སྨོན་ལམ་མཛད། དེ་སྐབས་རྡི་སྤྲུལ་སོགས་ནས་བཞུགས་ཞུ་ཕུལ་བར་ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན་བྱང་ཤམ་བྷ་ལར་ཕེབས་རྒྱུ་ཡིན་ཞེས་སོགས་གསུངས་ནས་བོད་ཟླ་བཞི་པའི་ཚེས་ཉེར་དགུ་ཉིན་སྐུ་གཤེགས།
- language:
- Tibetan