Skip to main content Skip to search
rje dkon mchog rgya mtsho
ID:
T230610
  • རྗེ་དཀོན་མཆོག་རྒྱ་མཚོ (Tibetan, Tibetan script, Original)
    • > rje dkon mchog rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jé könchok gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཁྲི་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་རྗེ་དཀོན་མཆོག་རྒྱ་མཚོ་མཆོག་ནི་ཡབ་ངག་དབང་བཀྲ་ཤིས་དང་ཡུམ་ཨ་རིག་གཡས་ཆེན་བཟའ་སྐྱིད་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི(༡༧༩༠)ལོར་སྐུ་བལྟམས། དགུང་ལོ་ལྔའི་ཐོག་བཀྲ་ཤིས་འཁྱིལ་གྱི་གདན་སར་བཀོད། གཡག་ཤུལ་འདུལ་འཛིན་ཆོས་བཟང་དར་རྒྱས་ཀློག་གི་སློབ་དཔོན་དུ་བསྟེན།དགུང་ལོ་དྲུག་པ་ལ་གུང་ཐང་འཇམ་དཔལ་དབྱངས་ཀྱི་དྲུང་ལས་རབ་ཏུ་བྱུང་། དགུང་ལོ་བརྒྱད་དགུ་ནས་ཆོས་གྲྭ་འགྲིམ་རིང་ཞག་བཅུ་ཉི་ཤུ་ལ་རྩམ་པ་ཁ་ལ་སྦྱར་མ་མྱོང་བ་ཡོད་གསུངས། དགུང་ལོ་བཅུ་གཅིག་པར་ཆོས་གྲྭར་ཞུགས། ལོ་དེར་བསྡུས་གྲྭའི་ཚོགས་རྒྱུག་ཕུལ། ཐོར་གོད་ཆོས་ལྡན་དགེ་རྒན་དུ་བསྟེན་ནས་བཀའ་པོད་ཡོངས་རྫོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་བཅུ་དྲུག་ལ་ཡབ་རྗེ་ངྷྭ་ཛའི་མཚན་ཅན་ཚུལ་བཞིན་དུ་བསྟེན་ནས་བཟུང་བཀའ་ཆོས་གང་གནང་ཆག་མེད་དུ་གསན། འཛིན་གྲྭ་གཞུང་དུ་སླེབས་པ་ནས་དབུ་མ་གསར་མའི་ལོར་སྨོན་ལམ་རབ་འབྱམས་པའི་མཚན་རྟགས་མཛད། གུང་ཐང་འཇམ་དཔལ་དབྱངས་ལས་བསྙེན་རྫོགས་དང་། ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་གསན། དེ་ནས་ཀུན་གཟིགས་ཐམས་ཅད་མཁྱེན་པ། ཁྲི་ཆེན་འཇིགས་མེད་རིག་པའི་སེང་གེ བཀའ་འགྱུར་བ་ཆེན་པོ་དཀོན་མཆོག་དཔལ་འཛིན་བཅས་ལས་ཆོས་བཀའ་མང་དུ་གསན།བཀའ་འགྱུར་གྱི་ལུང་ཞུས། ཆུ་ལུག་རིགས་གྲྭར་རྡོ་རམས་པའི་དམ་བཅའ་བཞག བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་གི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་པའི་ལྕགས་སྟག(༡༨༣༠)ལོར་དབུས་སུ་ཕེབས། ལྷ་ལྡན་ཆོས་སྡེ་ཁག་ལ་མང་འགྱེད་ཞལ་འདེབས་དང་། དགའ་ལྡན། བྲག་ཡེར་པ། ལ་མོ། ཕུན་ཚོགས་གླིང་། མལ་དྲོ་སྤང་གསར། རིན་ཆེན་གླིང་། གར་ཕུག་སོགས་འོལ་ཁའི་རྗེའི་སྒྲུབ་གནས་རྣམས་དང་། འཕན་པོ། གཞིས་རྩེ་སོགས་ཀྱི་གནས་རྟེན་རྣམས་ཞིབ་མཇལ་ཞུས། དེ་ནས་ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་དྲུང་དུ་སྔགས་རིམ་ཆེན་མོའི་བཤད་ལུང་དང་། ཤར་རྩེའི་དཔོན་སློབ་བློ་བཟང་བཀྲ་ཤིས་ལས་ཞོགས་དོན་ཡོད་མཁས་གྲུབ་པའི་གསུང་འབུམ། ཆུ་བཟང་དགེ་བཤེས་སྐལ་བཟང་མཁས་གྲུབ་ལས་ཤ་ར་བ་ཡོན་ཏན་གྲགས་ཀྱི་ལམ་རིམ་འབྲིང་པོའི་ལུང་རྣམས་གསན་ཏེ་སྨན་ཡོན་ཆེན་པོར་གྱུར། ལྕགས་ཡོས་ལོར་མདོ་སྨད་དུ་བྱོན། ཨུརྒེ་སྒར་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་ཕེབས། མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཤིང་འབྲུག(༡༨༤༤)ལོར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་འཁོད་དེ་བརྩི་བཞག་ཆག་མེད་མཛད། ཆོས་རྒྱུན་འཛིན་པའི་བུ་སློབ་ས་ཁྱབ་པ་བྱུང་། དེ་བཞིན་དུ་རྔ་བ། མཛོད་དགེ། དབལ་ཤུལ། སོག་པོ་མདའ་བཅུ་གཅིག ཧོར། རོང་ཚོ་ཆེན་བཅོ་བརྒྱད་སོགས་ཕྱོགས་གང་སར་ཞབས་ཀྱིས་བཅགས་ཏེ་སོ་སོའི་རེ་བ་ཡིད་བཞིན་དུ་སྐོང་བར་མཛད། གཞན་ཡང་བྲག་དཀར་བྱང་ཆུབ་གླིང་། རྒྱལ་ལུང་རྣམ་རྒྱལ་གླིང་། གཞུང་བ་ཁ་གསུམ་གྱི་དགོན་སྡེ་སོགས་ལ་ཕེབས་ཏེ་ཆོས་བཀའ་ཅི་རིགས་བསྩལ། དེ་ནས་རི་ཁྲོད་དུ་སྐུ་མཚམས་ལ་ལན་མང་བཞུགས། དགེ་ཚུལ་སློང་སྔ་ཕྱིར་མང་དུ་བསྒྲུབས། ཅི་མཛད་གཞན་ཕན་འབའ་ཞིག་ཏུ་དགོངས་ཤིང་ཀུན་ལ་མཐུན་གྲུབ་ཁོ་ན་མཛད། དེ་ནས་སྔ་སོར་ཞིག་ལ་ཡབ་རྗེ་ངྷཱ་ཛའི་ཞབས་ཀྱིས་རྗེ་འདི་ལ་ཁྱེད་ཀྱི་སྐུ་གོང་མའི་དགུང་གེགས་དེ་ནི་འཛུར་ན་བཟང་། དེ་ཕན་ཆད་ཉིད་ནས་བབ་ལ་གཟིགས། ཧ་ཅང་བགྲེས་ན་སྐུས་ཐེགས་དཀའ་རྒྱུ་རེད་ཅེས་གསུངས་པ་ཞལ་གྱི་བཞེས་པ་བཞིན་རེ་བདུན་གྱི་དགུང་གེགས་འཛུར་བའི་ལོ་གཉིས་པ་རབ་བྱུང་བཅུ་བཞི་པའི་ས་རྟ(༡༨༥༨)ལོར་མཁའ་སྤྱོད་དག་པའི་ཞིང་ཁམས་སུ་རེ་ཞིག་གཤེགས་པའི་ཚུལ་བསྟན། ཐུགས་དམ་གྲོལ་རིང་ལ་རླུང་ཕྲ་མོ་ཙམ་ཡང་མི་རྒྱུ་བར་ནམ་མཁའ་གཡའ་དག་པ་སོགས་རྫོགས་རིམ་ནས་བཤད་ཚོད་ལྟར་གྱི་རྟགས་མངོན་མཚན་ཅན་བྱུང་། ཐུགས་སྲས་ཤེས་རབ་རྒྱ་མཚོ་སོགས་མང་དུ་བྱོན།

language:
Tibetan

2. Thupten Phuntsok Dictionary

ཁྲི་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་རྗེ་དཀོན་མཆོག་རྒྱ་མཚོ་མཆོག་ནི་ཡབ་ངག་དབང་བཀྲ་ཤིས་དང་ཡུམ་ཨ་རིག་གཡས་ཆེན་བཟའ་སྐྱིད་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི (༡༧༩༠) ལོར་སྐུ་བལྟམས། དགུང་ལོ་ལྔའི་ཐོག་བཀྲ་ཤིས་འཁྱིལ་གྱི་གདན་སར་བཀོད། གཡག་ཤུལ་འདུལ་འཛིན་ཆོས་བཟང་དར་རྒྱས་ཀློག་གི་སློབ་དཔོན་དུ་བསྟེན། དགུང་ལོ་དྲུག་པ་ལ་གུང་ཐང་འཇམ་དཔལ་དབྱངས་ཀྱི་དྲུང་ལས་རབ་ཏུ་བྱུང་། དགུང་ལོ་བརྒྱད་དགུ་ནས་ཆོས་གྲྭ་འགྲིམ་རིང་ཞག་བཅུ་ཉི་ཤུ་ལ་རྩམ་པ་ཁ་ལ་སྦྱར་མ་མྱོང་བ་ཡོད་གསུངས། ཨུརྒེ་སྒར་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་ཕེབས། མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དེ་ནས་རི་ཁྲོད་དུ་སྐུ་མཚམས་ལ་ལན་མང་བཞུགས། དགེ་ཚུལ་སློང་སྔ་ཕྱིར་མང་དུ་བསྒྲུབས། ཅི་མཛད་གཞན་ཕན་འབའ་ཞིག་ཏུ་དགོངས་ཤིང་ཀུན་ལ་མཐུན་གྲུབ་ཁོ་ན་མཛད། རབ་བྱུང་བཞི་པའི་ས་རྟ (༡༨༥༨) ལོར་མཁའ་སྤྱོད་དག་པའི་ཞིང་ཁམས་སུ་རེ་ཞིག་གཤེགས་པའི་ཚུལ་བསྟན། ཐུགས་དམ་གྲོལ་རིང་ལ་རླུང་ཕྲ་མོ་ཙམ་ཡང་མི་རྒྱུ་བར་ནམ་མཁའ་གཡའ་དག་པ་སོགས་རྫོགས་རིམ་ནས་བཤད་ཚོད་ལྟར་གྱི་རྟགས་མངོན་མཚན་ཅན་བྱུང་།

language:
Tibetan