Skip to main content Skip to search
rje dkon mchog bstan 'dzin 'gro 'dul
ID:
T230611
  • རྗེ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ (Tibetan, Tibetan script, Original)
    • > rje dkon mchog bstan 'dzin 'gro 'dul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jé könchok tendzin drodul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འབྲི་གུང་གདན་རབས་ཉེར་དྲུག་པ་འདི་ཉིད་ཀོང་ཡུལ་ཨོ་རོང་ཞེས་པར་ཡབ་སྡེ་པ་ཚེ་རིང་དབང་རྒྱལ་དང་ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག(༡༧༢༤)ལོར་སྐུ་བལྟམས། དགུང་ལོ་བཞི་པ་ལ་ཇོ་ཤཱཀ་ཡིད་བཞིན་ནོར་བུའི་དྲུང་དུ་བརྟག་དྲིལ་ཕུལ་བར་རྗེ་འཕྲིན་ལས་བཟང་པོའི་ཡང་སྲིད་འཕྲུལ་མེད་དུ་ཆུང་སྲིད་འདི་ཉིད་ཕེབས་ཤིང་། ཆོས་རྗེ་རིན་པོ་ཆེའི་དྲུང་དུ་གཙུག་ཕུད་ཕུལ། མཚན་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་དུ་གསོལ། དགུང་ལོ་བདུན་པ་ལ་རྗེ་གོང་མ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་རབ་ཏུ་བྱུང་བའི་མཚན་སྔོན་མའི་མཇུག་ཏུ་དཔལ་ལྡན་ཆོས་ཀྱི་ཉི་མ་འཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བ་བཟང་པོའི་སྡེ་ཞེས་སྦྱོར་བ་གནང་། དགུང་ལོ་དགུ་པ་ནས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱག་ཆེན་ཆོས་དྲུག་སོགས་འབྲི་གུང་པའི་ཆོས་མ་ལུས་པ་དང་། རྔོག་དཀྱིལ་བདུན། རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་བརྒྱད་པ། མྱང་ལུགས་བཀའ་བརྒྱད་བདེ་བདུས། སངས་གླིང་དགོངས་འདུལ། པདྨ་གླིང་པའི་སྐོར་སོགས་གསང་སྔགས་གསར་རྙིང་གི་ཆོས་བསམ་གྱིས་མི་ཁྱབ་པ་དང་། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ་ལས་ཀྱང་རྗེ་སྐྱོབ་པ་རིན་པོ་ཆེའི་ཟབ་ཆོས་ཐུགས་ཀྱི་ཉིང་ཁུ་སེམས་བསྐྱེད་ཆེན་མོ་སོགས་མང་དུ་གསན། དགུང་ལོ་བཅུ་གསུམ་པར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མགར་ཐང་ནས་བོད་ལྗོངས་སུ་ཆིབས་བསྒྱུར་གནང་སྐབས་རྭ་སྒྲེང་དུ་ཕེབས་བསུར་བཅར་ཏེ་དེར་རྒྱལ་དབང་མཆོག་ལ་གཙུག་ཕུད་ཕུལ་བར་མཚན་ཀུན་བཟང་དཀོན་མཆོག་ཉི་མ་ཞེས་གནང་། དེ་ནས་ཡི་གེ་འབྲི་ཀློག་ནས་བརྩམས་རང་ལུགས་ཀྱི་འདོན་ཆོས་སྤྱོད་གར་ཐིག་དབྱངས་གསུམ་དང་བྱེད་གྲུབ་ཀྱི་རྩིས་དཀར་ནག སྙན་ངག གསོ་དཔྱད་རྒྱུད་བཞི། ལྷ་བྲིས་སོགས་ལ་སྦྱངས་པ་མཐར་ཕྱིན་པ་གནང་། ཕྱིས་སི་ཏུ་ཆོས་ཀྱི་འབྱུང་གནས་ལས་སྒྲ་ཀ་ལཱ་པ་སོགས་མདོ་རྒྱུད་རིག་གནས་མཐའ་དག་ལ་མཁྱེན་རབ་ཕུལ་དུ་ཕྱིན། དགུང་ལོ་བཅུ་དྲུག་ལ་ནང་ཆེན་སྡེ་ཐོག་ཏུ་ཕེབས། ལྷོ་མགར་གྱིས་དབུས་བླ་གྲྭ་མང་ཙམ་གྱིས་ཞབས་བཏེགས་ཏེ་བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་དབང་ཆེན་མོ་འཛུགས་པར་གནང་། སྐལ་ལྡན་གྱི་འདུས་པ་ཁྲི་ཕྲག་ལྷག་ལ་དམ་ཆོས་བསྩལ། ཝང་འགྱུར་མེད་རྣམ་རྒྱལ་དང་རྗེ་འདི་སྐུ་ཉེར་གྱུར་པ་མ་ཟད། རྗེ་ཉིད་ལ་གུས་འདུད་ཤིན་ཏུ་ཆེ་བ་བཅས་འདམ་དང་། བྱེ་རི་སྟག་རྩེ་སོགས་སུ་གདན་ཞུས་བྱུང་བ་ལྟར་ལན་མང་དུ་ཕེབས། རབ་བྱུང་བཅུ་གསུམ་པའི་མེ་ཡོས(༡༧༤༧)ལོར་གདན་ས་བྱང་ཆུབ་གླིང་གི་ཐེག་ཆེན་ཆོས་ཀྱི་ཁྲིར་མངའ་གསོལ། དེ་ནས་སྤྲོ་ལུང་དུ་ཡང་ཁྲིར་ཞབས་བཀོད། དེར་འཇམ་དབྱངས་ཆོས་ཀྱི་རྒྱལ་པོས་མཁན་པོ་གནང་སྟེ་བསྙེན་པར་རྫོགས། ལྕགས་ལུག(༡༧༥༡)ལོར་རྫོང་གསར་གྱི་ཡིག་དྲུག་འཁོར་ཆེན་གསར་བཞེངས་གནང་། སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་དགོངས་སྟེ་སྔ་ཕྱིར་ས་འབུམ་མཆོད་རྟེན་གསར་བཞེངས། སྟོན་པའི་འཁྲུངས་རབས་བརྒྱ་པའི་གྲྭ་ཐང་བཅོ་ལྔ་ཆེ་ལེགས་གསར་བཞེངས། གུ་རུ་པདྨའི་སྐུ་ཟ་ཧོར་མ་ཡུམ་གཉིས་མཚན་བརྒྱད། རྩ་གསུམ་རྡོ་རྗེ་གཞོན་ནུ་ཁྲོ་བོ་བཅུ་ཡབ་ཡུམ་བཅས་གསར་བཞེངས། རྩེ་བའི་མགོན་ཁང་གསར་སྐྲུན་ཐོག་མགོན་པོ་ཕྱག་བཞི་སོགས་སྐུ་རྟེན་དུ་མ་གསར་བཞེངས། གཞན་ཡང་སྤྲོ་ལུང་གི་མཆོད་ཁང་རྩེར་གུ་རུ་པདྨ་སམྦྷའི་དངུལ་སྐུ་གར་བླུགས་མ། གནས་བཅུ་བཀའ་ཐང་ཆོས་སྲུང་ཡོངས་རྫོགས་སོགས་བྲིས་སྐུ་མང་རབ། རྗེ་སྐྱོབ་པ་རིན་པོ་ཆེ་ནས་རྗེ་དོན་གྲུབ་ཆོས་རྒྱལ་བར་གྱི་གོང་མ་རྣམས་ཀྱི་བཀའ་འབུམ་ཇི་ཡོད་དང་གསར་རྙིང་གི་ཆོས་སྐོར་སོགས་པོ་ཏི་མང་བ་གསར་གཞེངས། གནས་ཆེན་ཙཱ་རི་ཏྲའི་ཡུལ་སྨད་ཞིག་གསོས་དང་སྦྲགས་ལྷ་ཁང་ཐོག་གཉིས་པ། གདན་རབས་བླ་བརྒྱུད་རྣམས་ཀྱི་སྐུ་གསར་བཞེངས་གནང་བ་སོགས་བརྗོད་ལས་འདས། སྐུ་ཚེ་རིལ་པོར་དམ་པའི་ཆོས་ཀྱི་འཁོར་ལོ་འབའ་ཞིག་བསྐོར་བར་མཛད་དེ། ཐུགས་ཀྱི་སྲས་ཀྱང་ལྷོ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན། དགེ་སློང་ངག་དབང་སོགས་སྦས་པའི་རྣལ་འབྱོར་མང་དུ་བྱུང་། མཐར་དགུང་ལོ་ཞེ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་མེ་ཁྱི(༡༧༦༦)ལོར་གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན།

language:
Tibetan

2. Thupten Phuntsok Dictionary

འབྲི་གུང་གདན་རབས་ཉེར་དྲུག་པ་འདི་ཉིད་ཀོང་ཡུལ་ཨོ་རོང་ཞེས་པར་ཡབ་སྡེ་པ་ཚེ་རིང་དབང་རྒྱལ་དང་ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག (༡༧༢༤) ལོར་སྐུ་བལྟམས། དགུང་ལོ་བཞི་པ་ལ་ཇོ་ཤཱཀ་ཡིད་བཞིན་ནོར་བུའི་དྲུང་དུ་རྟག་དྲིལ་ཕུལ་བར་རྗེ་འཕྲིན་ལས་བཟང་པོའི་ཡང་སྲིད་འཕྲུལ་མེད་དུ་ཆུང་སྲིད་འདི་ཉིད་ཕེབས་ཤིང་། ཆོས་རྗེ་རིན་པོ་ཆེའི་དྲུང་དུ་གཙུག་ཕུད་ཕུལ། དགུང་ལོ་བདུན་པ་ལ་རྗེ་གོང་མ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་རབ་བྱུང་བའི་མཚན་སྔོན་མའི་མཇུག་ཏུ་དཔལ་ལྡན་ཆོས་ཀྱི་ཉི་མ་འཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བ་བཟང་པོའི་སྡེ་ཞེས་སྦྱོར་བ་གནང་། རབ་བྱུང་བཅུ་གསུམ་པའི་མེ་ཡོས (༡༧༤༧) ལོར་གདན་ས་བྱང་ཆུབ་གླིང་གི་ཐེག་ཆེན་ཆོས་ཀྱི་ཁྲིར་མངའ་གསོལ། ལྕགས་ལུག (༡༧༥༡) ལོར་རྫོང་གསར་གྱི་ཡིག་དྲུག་འཁོར་ཆེན་གསར་བཞེངས་གནང་། སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་དགོངས་ཏེ་སྔ་ཕྱིར་འབུམ་མཆོད་རྟེན་གསར་བཞེངས། མཐར་དགུང་ལོ་ཞེ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་མེ་ཁྱི (༡༧༦༦) ལོར་གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུ་པའི་ཚུལ་བསྟན།

language:
Tibetan