Skip to main content Skip to search
rje dkon mchog 'phrin las bzang po
ID:
T230612
  • རྗེ་དཀོན་མཆོག་འཕྲིན་ལས་བཟང་པོ (Tibetan, Tibetan script, Original)
    • > rje dkon mchog 'phrin las bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jé könchok trinlé zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འབྲི་གུང་གདན་རབས་ཉེར་བཞི་པ་འདི་ཉིད་བྱ་ཀོང་ལོང་པོའི་ཕྱོགས་གླང་གྲོང་ཞེས་པར་ཡབ་སྔགས་རྒྱུད་ཨ་བོ་ལྷ་རྒྱལ་དང་ཡུམ་གསོ་དཔྱད་པའི་རིགས་རྡོ་རྗེ་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ(༡༦༥༦)ལོར་སྐུ་བལྟམས། རྗེ་ཆོས་ཀྱི་གྲགས་པས་ས་ཁྱི(༡༦༥༨)ལོར་འབྲི་གུང་དུ་སྤྱན་དྲངས། རྗེ་ཆོས་ཀྱི་གྲགས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་དཀོན་མཆོག་འཕྲིན་ལས་བཟང་པོར་གསོལ། དགུང་ལོ་ལྔ་པ་ལ་ལྷ་ལྡན་དུ་ཕེབས། རྒྱལ་དབང་ལྔ་པ་ཆེན་པོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་འབྲི་གུང་དུ་གསུམ་པ་ཚུལ་ཁྲིམས་རྡོ་རྗེ་དང། ཐུགས་སྲས་སྤྲུལ་སྐུ་ལས་བླ་མ་དགོངས་འདུས་དང་། པད་གླིང་་གི་སྐོར་སོགས་རྙིང་མའི་ཆོས་མང་པོ་གསན། དགེ་སློང་ར་ཁྱིམ་པ་དང་། ཉི་ཁྲི་རིན་འབྱུང་ལས་ཡེ་གེ་འབྲི་ཀློག་དང་རང་ལུགས་འདོན་ཆོས་སྤྱོད་སོགས་ལ་སྦྱངས། དགུང་ལོ་དྲུག་པ་ལྕགས་གླང(༡༦༦༡)ལོར་གདན་ས་ཆེན་པོ་བྱང་ཆུབ་གླིང་དུ་གསེར་ཁྲིར་མངའ་གསོལ། ལོ་དེ་ཉིད་དུ་སྤྲོ་ལུང་དུ་འདུས་ཚོགས་ལ་དབང་ཆོས་ཐོག་མར་གནང། སྐབས་ཤིག་ཐེལ་གྱི་ཁང་གསར་བྱང་མའི་གཟིམ་ཆུང་དུ་ཟླ་གསང་གི་གཞི་བསྙེན་གནང་བའི་ཚེ་ཡི་དམ་དངོས་སུ་ཞལ་གཟིགས། ཕྱིས་མལ་དེར་ཞལ་བར་རང་བྱོན་བྱོན་པ་དངོས་སུ་མཇལ་རྒྱུ་ཡོད། རྗེ་ཉིད་ཀྱིས་མགོན་པོ་དང་། ཨ་ཕྱིའི་གཙོ་འཁོར། བཀའ་སྲུང་སྨུག་ནག་ལྕམ་དྲལ། ཧ་ར། ཆོས་རྗེའི་དགེ་བསྙེན་རྣམ་བཞི། ཚངས་པ། ཐང་ལྷ། ཡབ་ཡུམ། པེ་ཧར། གནོད་སྦྱིན་རྩི་དམར་སོགས་རང་ལུགས་ཆོས་སྐྱོང་ཚང་མའི་གར་འཆམ་ངོ་མཚར་བ་གསར་འཛུགས་གནང་། ཕྱིས་ཐེལ་དུ་ཡང་དེ་མཚུངས་འཛུགས་པར་མཛད། དེ་ནས་བཟུང་རང་ལུགས་དགོན་གནས་འགའ་ཞིག་ལ་དར། དགུང་ལོ་ཉེར་གསུམ་པ་ས་རྟ(༡༦༧༨)ལོར་ལྷ་ལྡན་དུ་ཕོ་བྲང་དམར་པོ་རིར་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དྲུང་དུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་པས་མཚན་ངག་དབང་ཆོས་གྲགས་ཕུན་ཚོགས་ཞེས་གནང་། སྨིན་གླིང་གི་སྐྱེས་མཆོག་ཆོས་རྒྱལ་གཏེར་གླིང་པ་བྱོན་པར། གཡའ་མ་ལུང། ཤེལ་བྲག གནམ་ལྕགས་བྲག་གསུམ་གྱི་ཟབ་གཏེར་གྱི་ཆོས་རྣམས་གསན་ཅིང་། གཏེར་གསར་དྲག་པོའི་ཆོས་བདག་རྗེ་འདི་ལ་ཟིན་པས། དེ་ཉིད་ཟུང་འབྲེལ་རྩེ་ནང་གྲྭ་ཚང་དེ་སྐབས་འཛུགས་པ་གནང་། དྲག་པོའི་འཕྲིན་ལས་བཟློག་གཞུང་། ཡང་བཟློག་གི་དཀྱིལ་སོགས་བསྟན་བཅོས་འགའ་ཞིག་མཛད། སྔ་རྗེ་སུ་རྗེ་དཀོན་མཆོག་རིན་ཆེན་དང་ཆོས་ཀྱི་གྲགས་པ་རྣམ་གཉིས་ཀྱི་བཀའ་འབུམ་རྣམས་མཐིང་ཤོག་ལ་གསེར་གྱིས་བྲིས་པ་བཞེངས། རྒྱལ་བའི་བཀའ་འགྱུར་རོ་འཚལ་ཡོངས་རྫོགས་སྔ་འགྱུར་རྒྱུད་འབུམ་བཅས་མཐིང་ཤོག་གི་ངོས་ལ་གསེར་དངུལ་ཕྲ་ཅན་ལས་གྲུབ་པའི་གླེགས་བམ་བརྒྱ་དང་ཉི་ཤུ་དང་། དེ་མཉམ་འཕགས་པའི་གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད་གྲྭ་ཐང་ཉེར་གསུམ་བཞེངས། བཀའ་འགྱུར་རྙིང་རྒྱུད་གླེགས་བམ་བརྒྱ་དང་ཉི་ཤུ་ཤོག་དཀར་གྱི་ངོས་སུ་བཞེངས། དེ་བཞིན་སངས་རྒྱས་གླིང་པའི་བཀའ་ཐང་། སྟོན་པའི་འཁྲུངས་རབས་མཛད་བརྒྱ། གྲུབ་ཐོབ་བརྒྱད་ཅུའི་རྟོགས་བརྗོད། བཀའ་བརྒྱད་བདེ་འདུས་གྲྭ་ཐང་། དངུལ་གར་བླུགས་དང་། ཙན་དན་དཀར་དམར་ལས་གྲུབ་པའི་སྐུ་འདྲ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། དེ་བཞིན་སྦྲག་ཡང་ཐོག་ལྷུན་རྩེ་དགའ་འཁྱིལ་གསར་བཞེངས་དང་། རྫོང་གསར་བཀྲ་ཤིས་ཚུགས་ཕོ་བྲང་གསར་སྐྲུན་གནང་། ཐུགས་ཀྱི་སྲས་ལ་མཚོན་ན། དོན་གྲུབ་ཆོས་ཀྱི་རྒྱལ་པོ་དང་། ལྷོ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་སོགས་མང་དུ་བྱུང་། མཐར་དགུང་ལོ་རེ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་ཁྱི(༡༧༡༨)ལོར་ཞི་བར་གཤེགས།

language:
Tibetan

2. Thupten Phuntsok Dictionary

འབྲི་གདན་རབས་ཉེར་བཞི་པ་འདི་ཉིད་བྱ་ཀོང་ལོང་པོའི་ཕྱོགས་གླང་གྲོང་ཞེས་པར་ཡབ་སྔགས་རྒྱུད་ཨ་བོ་ལྷ་རྒྱལ་དང་ཡུམ་གསོ་དཔྱད་པའི་རིགས་རྡོ་རྗེ་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ (༡༦༥༦) ལོར་སྐུ་བལྟམས། རྗེ་ཆོས་ཀྱི་གྲགས་པས་ས་ཁྱི (༡༦༥༨) ལོར་འབྲི་གུང་དུ་སྤྱན་དྲངས། རྗེ་ཆོས་ཀྱི་གྲགས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་དཀོན་མཆོག་འཕྲིན་ལས་བཟང་པོར་གསོལ། དགུང་ལོ་ལྔ་པ་ལ་ལྷ་ལྡན་དུ་ཕེབས། རྒྱལ་དབང་ལྔ་པ་ཆེན་པོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གསུམ་པ་ས་རྟ (༡༦༧༨) ལོར་ལྷ་ལྡན་དུ་ཕོ་བྲང་དམར་པོ་རིར་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དྲུང་དུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་བཞེས་པའི་མཚན་ངག་དབང་ཆོས་གྲགས་ཕུན་ཚོགས་ཞེས་གནང་། མཐར་དགུང་ལོ་རེ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་ས་ཁྱི (༡༧༡༨) ལོར་ཞི་བར་གཤེགས།

language:
Tibetan