- nyi ma gung rnyed
- ID:
- T230828
- ཉི་མ་གུང་རྙེད (Tibetan, Tibetan script, Original)
- > nyi ma gung rnyed (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyima gung nyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་གྱི་ཁུངས་བཤད་སྒོ་ནས་བཏགས་པའི་གུར་གུམ་གྱི་མིང་གི་རྣམ་གྲངས་ཤིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། ཁ་ཆེའི་ཡུལ་ཆུས་གང་སྟེ་རི་རྣམས་ཀྱི་སྟོད་ལས་ཆེར་མི་མངོན་པའི་དུས་དེར་རི་ཕུག་ཏུ་དགྲ་བཅོམ་པ་ཉི་མ་གུང་པ་བྱ་བ་ཞིག་ཐུགས་དམ་ལ་བཞུགས་པར། ཀླུའི་དབང་པོ་རྣམས་མངོན་པར་དད་ཅིང་ཆོས་ཞུ་བའི་ཚེ། དགྲ་བཅོམ་པས་ཀླུ་རྣམས་ལ། དཀོན་མཆོག་མཆོད་པ་དང་། འགྲོ་བའི་ནད་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་གུར་གུམ་འདེབས་པའི་ས་རྒྱ་ཞིག་བསླངས་ན། དེ་ལ་ཀླུ་རྣམས་དགྱེས་པས་གནང་བ་དང་། དེའི་ས་མངོན་པར་བྱ་བའི་ཕྱིར་མཚོ་ཕྲི་བ་དང་སྨིན་པའི་གྲོགས་གསོལ་ཏོ། །ཞེས་བཀའ་སྩལ་པས། གསོལ་པ། ཉིད་ཀྱི་ཆོས་གོས་ཀྱིས་གང་ཁེབས་པའི་ས་རྒྱ་འབུལ་བ་དང་བཅས་ཕྲིན་ལས་བསྒྲུབ་བོ། །དགྲ་བཅོམ་པས་ངའི་ཆོས་གོས་སངས་རྒྱས་ཀྱིས་མ་གནང་བས་ས་ཆུ་ལ་འགེབ་པར་མི་བཏུབ་བོ། །གསུངས་པས། འོ་ན་མཁའ་ལ་བཏེག་པའི་གྲིབ་མ་ལ་ཚོད་གྱིས་ཤིག དགྲ་བཅོམ་པ་ནང་པར་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འཕུར་ཏེ་ཉི་མ་འཆར་བའི་རིའི་གསང་ལ་ཆོས་གོས་འཕྱར་བས་དེའི་ཡུལ་ལྗོངས་ཕལ་ཆེར་གྲིབ་མས་ནོན་ཏོ། །དེར་ཀླུས་ས་ཕུལ་བཞིན་མཚོ་ཕྲིས་པས། དགྲ་བཅོམ་པས་རི་བྱ་རྐང་ཅན་ནས་གུར་གུམ་གྱི་ས་བོན་བླངས་ཏེ་བཏབ་ནས། སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་སྐྱེ་བར་སྨོན་ལས་བཏབ་པ་དང་། ཀླུས་གྲོགས་བགྱིས་པས་སྐྱེས་པ་དང་། ཡུལ་དེར་མི་ཡང་རིམ་པས་ཆགས་པར་གྱུར་ཏོ། །ཞེས་དང་། སྨན་གྱི་སྔོ་འབུམ་ལས། སྔོན་ཚེ་དགྲ་བཅོམ་ཉི་མ་གུང་པ་ཡིས། །བྱ་རྐང་རི་ནས་གུར་གུམ་སོན་བླངས་ཏེ། །ཁ་ཆེའི་ཡུལ་དུ་བཏབ་ནས་སྐྱེས་པ་ལ། །ད་ལྟ་ཉི་མ་གུང་རྙེད་ཅེས་སུ་གྲགས། །ཞེས་སོ། །
- language:
- Tibetan