Skip to main content Skip to search
ti shri kun dga' blo gros rgyal mtshan
ID:
T231490
  • ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན (Tibetan, Tibetan script, Original)
    • > ti shri kun dga' blo gros rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ti shri kün ga lodrö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ས་སྐྱ་བའི་བླ་ཆེན་གྲས་སུ་ཀུན་དགའ་བློ་གྲོས་རྒྱལ་མཚན་གྱི་མཚན་ཐོགས་པ་ཁ་ཤས་ཡོད་ཀྱང་། འདི་ནི་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་ཞུ་བ་བདག་ཆེན་བཟང་པོ་དཔལ་གྱི་བཙུན་མོ་གསུམ་པ་མ་གཅིག་ངང་མོའམ་མ་གཅིག་ཀུན་དགའ་འབུམ་ལས་འཁྲུངས་པའི་སྲས་དེ་ཡིན། བོད་ཀྱི་རབ་བྱུང་ལྔ་པའི་ས་ཕག (༡༣༠༩) ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཅིང་ཙུང་ཥིན་ཥིའུ། ཡོངས་གྲགས་སུ་ཨ་ཡུར་པར་པ་ཏ་བུ་ཡན་ཐུ་གོང་མ་མ་བྱས་གོང་དེའི་ཀེ་ཀེན་ཧན་གྱིས་གདན་དྲངས་ཏེ་མཆོད་གནས་གནང་། རྗེས་སུ་ཨ་ཡུར་པར་པ་ཏ་བུ་ཡན་ཐུ་གོང་མ་བྱས་རིང་གི་ལོ་དགུ་དང་ཀེ་ཀེན་ཧན་གྱིས་གོང་མ་བྱས་རིང་གི་ལོ་ངོ་གསུམ། ཡེ་སུན་ཐེའི་མུར་གྱིས་གོང་མ་བྱས་རིང་གི་ལོ་བཞི་བཅས་ལོ་ངོ་བཅུ་དྲུག་ཙམ་རིང་གོང་མའི་མཆོད་གནས་ཏི་ཤྲཱི་མཛད་པས་ཡོངས་གྲགས་སུ་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་ཟེར། བདག་ཆེན་འདི་དགུང་ལོ་ཉེར་བཞི་པ་རབ་བྱུང་ལྔ་པའི་ཆུ་ཁྱི (༡༣༢༢) ལོར་བོད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་སོགས་ཀྱི་ཆེད་དུ་ས་སྐྱར་ཕེབས། བཀའ་འགྱུར་མཚལ་བྲིས་ཆ་ཚང་གཅིག་དང་། གསེར་བྲིས་ཆ་ཚང་གཅིག་བསྟན་འགྱུར་མཚལ་བྲིས་ཆ་ཚང་གཅིག་དང་། གསེར་བྲིས་ཆ་ཚང་གཅིག་བཅས་བཞེངས། དགེ་འདུན་ཁྲི་ཕྲག་མང་པོར་གསེར་ཞོ་གང་རེའི་འགྱེད་སོགས་སྦྱིན་གཏོང་རྒྱ་ཆེན་པོ་གནང་། གཞན་ཡང་བླ་མ་དཔལ་ལྡན་སེང་གེ་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་པོ་གསན། རྒྱལ་པོ་ཆེན་པོ་ཀེ་ཀེན་ཧན་ལ་ཞུ་བ་མཛད་དེ་བོད་དབུས་གཙང་གཉིས་ནས་ཁྲལ་འབུལ་མི་དགོས་པའི་ཡང་ཆ་ལོ་མང་བྱུང་། དགུང་ལོ་ཉེར་དྲུག་པ་ཤིང་བྱི (༡༣༢༤) ལོར་རང་ཉིད་ཀྱི་ཡབ་བདག་ཆེན་བཟང་པོ་དཔལ་སྐུ་གཤེགས་རྗེས་རང་གི་གཅུང་པོ་རྣམས་ལ་བླ་བྲང་བཞི་སོ་སོར་བགོས་ནས་གནང་སྟེ་མཁས་བཙུན་ནམ་མཁའ་ལེགས་པ་སྐུ་མཆེད་ལ་ཤེལ་གྱི་དམ་ཁ་དང་གཞི་ཐོག་བླ་བྲང་གནང་། དེ་ནས་རིམ་པར་གཞི་ཐོག་བླ་བྲང་གི་གདུང་རབས་བྱུང་། ཏི་ཤྲི་ཀུན་དགའ་ལེགས་པའི་འབྱུང་གནས་སྐུ་མཆེད་ལ་གསེར་གྱི་དམ་ཁ་དང་ལྷ་ཁང་བླ་བྲང་གནང་། དེ་ནས་རིམ་པར་ལྷ་ཁང་བླ་བྲང་གི་གདུང་བརྒྱུད་བྱུང་། འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་ལ་ཤེས་གྱི་དམ་ཁ་དང་རིན་ཆེན་སྒང་བླ་བྲང་གནང་། དེ་ནས་རིམ་པར་རིམ་ཆེན་སྒང་བླ་བྲང་གི་གདུང་བརྒྱུད་བྱུང་། ངག་དབང་ཀུན་དགའ་ལེགས་པ་ལྕམ་སྲིང་ལ་གསེར་གྱི་དམ་ཁ་དང་དུས་མཆོད་བླ་བྲང་གནང་། དེ་ནས་རིམ་བཞིན་དུས་མཆོད་བླ་བྲང་གི་གདུང་བརྒྱུད་བྱུང་། གོང་མ་ཡེ་སུན་ཐེ་མུར་གོང་མའི་ཁྲིར་འཁོད་རྗེས་སླར་ཡང་གདན་འདྲེན་བྱུང་བ་ལྟར་གོང་མའི་ཏི་ཤྲིར་ཕེབས། དགུང་ལོ་ཉི་ཤུ་རྩ་དགུ་པ་རབ་བྱུང་དྲུག་པའི་མེ་ཡོས (༡༣༢༧) ལོར་ཕོ་བྲང་ཏའི་ཏུ (པེ་ཅིང་ཕོ་བྲང) མཁར་གྱི་ཉེ་འདབས་མེ་ཏོག་ར་བ་ཞེས་པའི་དགོན་པར་སྐུ་མྱ་ངན་ལས་འདས་སོ། །

language:
Tibetan