- rta ston jo bo ye shes
- ID:
- T231750
- རྟ་སྟོན་ཇོ་བོ་ཡེ་ཤེས (Tibetan, Tibetan script, Original)
- > rta ston jo bo ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > ta tön jowo yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྙིང་མ་རྟ་སྟོན་ཇོ་བོ་ཡེ་ཤེས་ནི་ཡབ་ཇོ་འབུམ་གྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ལུག (༡༡༦༣) ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་བླ་མ་དམར་སྟོན་འཇམ་གྱི་སར་བྱོན་ཏེ་བདེ་མཆོག་དང་ཕྱག་ན་རྡོ་རྗེ་བདུད་རྩི་ཐིགས་པའི་ཆོས་སྒོར་ཞུས་ཤིང་། གཟུངས་རིང་ལ་བསྙེན་པ་ལོ་གཉིས་མཛད། བདེ་མཆོག་གི་དབང་ཡབ་དང་ལྷན་དུ་བརྒྱ་རྩ་བརྒྱད་ཞུས། ཁ་རག་སྟོན་སྙིང་གི་སར་སྒྱུ་འཕྲུལ་ལོ་གཉིས་གསན། བླ་མ་རྩགས་དང་སེ་དུར་ལུང་པ་གཉིས་ལ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ཞུས། དགུང་ལོ་བཅུ་དྲུག་ལ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བཤད་པ་མཛད། དེ་རྗེས་ཡབ་ཀྱི་སློབ་མ་རྗེ་བཙུན་ཧགས་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་གསན། བླ་མ་ཟངས་རི་རྒྱ་རས་ལས་ལོ་རོ་རས་ཆུང་པའི་ཆོས་སྒོར་རྣམས་དང་། དགྱེས་རྡོར་མེས་ལུགས། འཇམ་དཔལ་གསང་ལྡན་སོགས་མང་དུ་ཞུས། ལྷ་སའི་ཇོ་ཤཱཀ་རྣམ་གཉིས་ཀྱི་ཞབས་ཏོག་ཀྱང་སྔ་ཕྱི་བསྡོམས་པས་ལོ་དྲུག་མཛད། མཐར་དགུང་ལོ་དྲུག་ཅུ་རེ་བརྒྱད་པ་རབ་བྱུང་བཞི་པའི་ལྕགས་སྟག (༡༢༣༠) ལོའི་སྟོན་ཟླ་ར་བའི་ཚེས་བཅུ་དགུ་ལ་སྐུ་གཤེགས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 1163 ལོར་གཡུ་རུ་སྟོད་དུ་ཡབ་རྟ་སྟོན་ཇོ་འབུམ་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1230 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་བླ་མ་དམར་སྟོན་འཇམ་ལ་བསྟེན་ནས་[723]བདེ་མཆོག་དང་ཕྱག་ན་རྡོ་རྗེ་བདུད་རྩི་ཐིགས་པའི་ཆོས་སྐོར་རྣམས་ཞུས་ཤིང་གཟུངས་རིང་ལ་བསྙེན་པ་ལོ་ངོ་གཉིས་ཙམ་མཛད། བདེ་མཆོག་གི་དབང་བརྒྱ་དང་བཅུ་དྲུག་ཞུས། ཁ་རག་སྟོན་སྙིང་ལས་སྒྱུ་འཕྲུལ་ལོ་ངོ་གཉིས་ལ་གསན། བླ་མ་རྩགས་དང་སེ་དུར་ལུང་པ་གཉིས་ལ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ཞུས། དགུང་ལོ་བཅུ་དྲུག་པར་ངོམས་ཤོད་སྨད་དུ་ཕེབས་ཏེ། རྗེ་བཙུན་ཧགས་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་དང་། བླ་མ་ཟངས་རི་རྒྱ་རས་ལས་ལོ་རོ་རས་ཆུང་བའི་ཆོས་སྐོར་རྣམས་དང་། དགྱེས་རྡོར་མེས་ལུགས། འཇམ་དཔལ་གསང་ལྡན། བདེ་མཆོག་ལཱུ་ཡི་པ། མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས། ལམ་འབྲས་ཞམ་ལུགས། ཞི་བྱེད་ལུགས་གསུམ་ག ཁྱད་པར་དུ་སྐམ་ལུགས་གཙོ་བོར་མཛད། མདོར་ན་བླ་མ་ཟངས་རི་རྒྱ་རས་ཀྱི་མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། བླ་མ་རླུང་ཕྱག་དུམ་ལས་ཕྱག་རྒྱ་ཆེན་པོ་རླུང་ལུགས་ཀྱི་སྐོར་དང་། སྟོང་ཐུན་གདམས་ངག་གི་སྐོར། ཕག་མོ་བྱིན་རླབས་ཀྱི་སྐོར་ཏེ་དོ་ཧ་སྐོར་གསུམ་དང་། གྲུབ་ཐོབ་མལ་བྱེ་ཚང་པ་ལས་ཀ་ཀི་ནིའི་སྐོར་བཅས་ཞུས། དགུང་ལོ་ཉི་ཤུ་རྩ་བཞི་པར་ནང་སྟོན་ཇོ་འཁྱམས་ལས་ཕུར་པ་གསན་ཏེ་ཆུ་བོ་རིར་བཞུགས་ནས་སྒྲུབ་པ་མཛད། དེ་ནས་ཞིག་པོ་བདུད་རྩི་ལ་བསྟེན་ནས་བཤད་རྒྱུད་མདོ་བཅུ་དང་། སྒོམ་ཡིག་ཆེན་མོ། གདམས་པ་སྙན་བརྒྱུད་བཅས་ལ་གསན་པར་མཛད། རྟོགས་གྲོལ་དུས་གཅིག་ཏུ་གྱུར་པས་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་རྟོགས་ཤིང་ཐུགས་བརྩེ་བ་ཆེན་པོས་གང་ལ་གང་[724]འདུལ་དུ་སེམས་ཅན་གྱི་དོན་མཛད། གདན་སའི་ཞབས་ཏོག་ཀྱང་བརྗོད་ཀྱིས་མི་ལངས། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་དྲུག་བཅུ་རྩ་བརྒྱད་་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་རྫུ་འཕྲུལ་གཙོ་བོར་མཛད་པའི་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ།།
- language:
- Tibetan