- rta phug pa blo bzang dam chos rgyal mtshan
- ID:
- T231766
- རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན (Tibetan, Tibetan script, Original)
- > rta phug pa blo bzang dam chos rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > ta pukpa lo zang damchö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ནི་མངའ་རིས་ཟངས་དཀར་དུ་ཡབ་ཆོས་རྒྱལ་གྱི་གདུང་རྒྱུད་དཔལ་ལྡན་དང་ཡུམ་སྐྱིད་འཛོམས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་ལུག (༡༦༠༧) ལོར་འཁྲུངས། དགུང་ལོ་བཅུ་གཅིག་ལ་ཡི་གེ་འབྲི་ཀློག་བསླབས། དྲུང་པ་བློ་བཟང་རྣམ་རྒྱལ་དང་རང་གི་ཡབ་གཉིས་སྟོད་གུ་གེར་པཎ་ཆེན་བློ་བཟང་ཆོས་རྒྱན་མཇལ་བར་ཕེབས། དགུང་ལོ་བཅུ་གསུམ་ལ་དྲུང་པའི་སྐུ་མདུན་དུ་དབུ་སྐྲ་གཙུག་ཕུད་ཕུལ། མཚན་བློ་བཟང་རྒྱལ་མཚན་ཞེས་བསྩལ། དུས་ཕྱིས་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་རིན་པོ་ཆེ་དང་མཇལ་ཏེ་བློ་བཟང་དམ་ཆོས་རྒྱལ་མཚན་ཞེས་པའི་མཚན་གནང་། དེ་རྗེས་བལ་ཡུལ་དུ་ཕེབས་ནས་དྲུང་པ་དང་སློབ་དཔོན་དཀོན་ཅོག་དཔལ་སོགས་ཀྱི་དྲུང་དུ་དབང་དང་རྗེས་གནང་སོགས་གསན་སྦྱོང་མཛད། དགུང་ལོ་ཉེར་ལྔ་ལ་དབུས་སུ་ཕེབས་ནས་དྭགས་ཁུལ་བརྒྱུད་གངས་དཀར་ཏི་སེ་སོགས་ལ་མཇལ་དུ་ཕེབས། གསུང་རྩོམ་པོད་གཅིག་ཙམ་མཛད། དགུང་ལོ་བརྒྱད་ཅུ་ལྷག་ཕེབས་པ་རབ་བྱུང་བཅུ་གཅིག་པའི་སྨད་ཙམ་དུ་སྐུ་གཤེགས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 1595 ལོར་མངའ་རིས་ཟངས་དཀར་དུ་ཡབ་དཔལ་ལྡེ་དང་། ཡུམ་སྐྱིད་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་བྱིས་པའི་དུས་སུ་མིང་ལ་ཁྱི་དཔལ་ལྡེ་ཞེས་ཞུ། ཡི་གེའི་འབྲི་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་དྲུག་པར་[725]དྲུང་པ་བློ་བཟང་རྣམ་རྒྱལ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་བློ་བཟང་རྒྱལ་མཚན་ཞེས་གསོལ། མངོན་རྟོགས་རྒྱན་དང་། བཤེས་སྤྲིང་། དབུ་མ་འཇུག་པ་སོགས་ཐུགས་འཛིན་མཛད་ཅིང་མཁྱེན་རབ་ཆེ་བའི་སྙན་པ་རྒྱས། དགུང་ལོ་ཉེར་ལྔ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ཞལ་སྔ་སྨན་བླ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་བློ་བཟང་དམ་ཆོས་རྒྱལ་མཚན་ཞེས་གསོལ། དེ་ནས་ཆོས་གྲྭར་ཞུགས་ཏེ་ཚད་མ་རྣམ་འགྲེལ་བཅས་ལེགས་པར་སྦྱངས་ཤིང་དགུང་ལོ་སོ་གཉིས་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས་ཏེ། སྒྲུབ་ཐབས་བརྒྱ་རྩ་དང་། ཇོ་བོའི་ཆོས་ཆུང་བརྒྱ་རྩ། བྱང་ཆུབ་གཞུང་ལམ། གསང་འདུས། འཇིགས་བྱེད། བདེ་མཆོག བྱང་ཆུབ་ལམ་རིམ། དབེན་ས་སྙན་བརྒྱུད་བཅས་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དེ་ནས་རྟ་ནག་དང་། རྒོད་ཚང་། ཡེར་པ། བསམ་ཡས། རྒྱལ་མེ་ཏོག་ཐང་། དྭགས་པོ། འོལ་ཁ། བྲག་རྒྱ་རྡོ་རྗེའི་ཕོ་བྲང་། ཇོ་མོ་ལྷ་རི། འགར་མོ་ཆོས་རྫོང་། ཤངས་མདོ་སོགས་སུ་ཞབས་ཀྱིས་བཅགས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། རྟ་ནག་ཕུག་ཏུ་སྒྲུབ་སྡེ་གསར་འཛུགས་མཛད་ཅིང་མཚན་ལ་རྟ་ཕུག་རྡོ་རྗེའི་གུར་ཁང་ཞེས་བཏགས་ཏེ་གདུལ་བྱ་མང་པོར་ལམ་རིམ་ལ་སོགས་པའི་ཆོས་སྐོར་རྣམས་འཆད་ཉན་མཛད། སྐུ་ཚེའི་སྨད་དུ་རྟ་ཕུག་དང་རྒོད་ཚང་གཉིས་ཀ་བསྐྱངས་ནས་སྒྲུབ་རྒྱུད་ཀྱི་བསྟན་པ་གོང་ནས་གོང་དུ་འཕེལ་བར་མཛད། དགུང་ལོ་བརྒྱད་ཅུ་གྱ་གྲངས་ལ་[726]དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པཎ་ཆེན་བློ་བཟང་ཡེ་ཤེས་དང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྣམ་གཉིས་ཡིན། ཁོང་གི་གསུང་རྩོམ་ནི《བྱང་ཆུབ་ལམ་རིམ་གྱི་སྔོན་འགྲོ་》དང་། 《ཉམས་མགུར》བཅས་བཞུགས་སོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་གཅིག་པ་ཡིན་ནོ།།
- language:
- Tibetan