Skip to main content Skip to search
thang bla tshe dbang
ID:
T232320
  • ཐང་བླ་ཚེ་དབང (Tibetan, Tibetan script, Original)
    • > thang bla tshe dbang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tang la tsewang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅོ་ལྔ་པའི་ཆུ་སྟག་སྤྱི་ལོ་༡༩༠༢ལོར་མདོ་ཁམས་སྡེ་དགེའི་མངའ་ཁོངས་དཔེ་ཝར་ཨ་རབ་གྲོང་དུ་སྐུ་འཁྲུངས། དགུང་ལོ་དྲུག་པའི་མེ་ལུག་སྤྱི་ལོ༡༩༠༧ལོར་ནས་ཨ་མཆོད་མགོན་པོའི་མདུན་ནས་ཡི་གེ་ཀློག་འདོན་སྦྱོང་། ཆུང་དུས་ནས་རི་མོ་འབྲི་རྒྱུ་ལ་ཞེན་འདོད་ཆེ། ཡུལ་སྡེ་ཀུན་གྱིས་བྱིས་པ་ངོ་མཚར་ཅན་ཞིག་ཏུ་ངོས་འཛིན་པར་བྱུང་། དགུང་ལོ་བཅུ་པའི་ལྕགས་ཕག་སྤྱི་ལོ༡༩༡༡ལོར་ཞང་པོ་བསོད་རྒྱལ་གྱིས་ཐུབ་པའི་སྐུ་དང་མཐུན་པ་སྤུན་བཞི་སོགས་ཀྱི་ཤོག་ལྷ་འགའ་ཞིག་གནང་བ་དེ་ལ་དཔེ་བྱས་ནས་རི་མོ་རང་སྦྱོང་གི་འགོ་བཙུགས། ཤོག་བུ་དང་སྣང་ཚ་མེད་སྟབས་དུས་རྒྱུན་རྡོ་ལེབ་ངོས་སུ་གྲི་རྩེས་རི་མོ་དང་། ཡི་གེ་འབྲི་རྒྱུ་བསླབ་སྦྱོང་གནང་། དགུང་ལོ་བཅུ་གཉིས་པའི་ཆུ་གླང་སྤྱི་ལོ༡༩༡༣ལོར་དཔལ་སྤུངས་དགོན་དུ་གྲྭ་སར་ཞུགས་ཏེ། མཁན་ཚེ་དབང་དཔལ་འབྱོར་མདུན་ནས་དགེ་ཚུལ་ཞུས། དེ་ནས་དགོན་པ་སྤྱིའི་ཆོ་ག་སྒྲིག་སྲོལ་རྣམས་སྦྱོང་ཞོར་དུ། ཝ་ཤུལ་བླ་མ་བློ་གྲོས་ཀྱི་མདུན་ནས་ལོ་ངོ་གསུམ་གྱི་རིང་ལ་མེ་འབུད་དང་། ཆུ་ལེན་སོགས་ཀྱི་བླ་མའི་ཞབས་ཞུས་དང་རི་མོ་འབྲི་རྒྱུ་སྦྱོང་། དགུང་ལོ་བཅུ་བཞི་པའི་ཤིང་ཡོས་སྤྱི་ལོ་༡༩༡༥ལོར་གྲོང་གཉིས་ཚེ་དབང་མདུན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་མེ་ལོང་མ་སོགས་རིག་གནས་སྐོར་སློབ་གཉེར་མཛད། མེ་འབྲུག་སྤྱི་ལོ་༡༩༡༦ལོར་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་ཀཿཐོག་ལ་སློབ་གཉེར་འོང་ན་གཟིགས་སྐྱོང་གང་ལེགས་གནང་རྒྱུའི་ཞལ་བཞེས་ཐོབ་པར་བརྟེན་ཀཿཐོག་དགོན་དུ་བྱོན་ནས་འཇམ་དབྱངས་གསེར་རྟག་ཕུན་ཚོགས་ཀྱི་མདུན་ནས་ལྷ་རིས་སྦྱོང་པ་དང་། ཀཿཐོག་བཤད་གྲྭ་མཁན་པོའི་ག་ལུ་སོགས་ཀྱི་མདུན་ནས་རིག་གཞུང་སློབ་གཉེར་གནང་། སྐབས་འགར་རྩོད་པ་ཡང་ཞུགས། དགུང་ལོ་བཅུ་དྲུག་པའི་མེ་སྦྲུལ་སྤྱི་ལོ༡༩༢༧ལོར་དཔལ་སྐུངས་དགོན་དུ་སི་ཏུ་པདྨ་དབང་གིས་གྲྭ་པ་གཙང་བཤེར་གནང་སྟེ། སྡོམ་སྐྱོན་ཅན་གྱི་གྲྭ་པ་ཐམས་ཅད་དགོན་པའི་ཕྱིར་བསྐྲད་པ་དང་། དཔལ་སྤུངས་སྡེ་འཁོར་རྣམས་ལས་གྲྭ་གསར་བསྡུ་རྒྱུའི་ལས་འགུལ་སྐབས་སུ། རང་དགོན་དཔལ་སྤུངས་སུ་ཕྱིར་འོང་ནས་གྲྭ་སར་ཞུགས་དགོས་པའི་བཀའ་ཕེབས་ལྟར་དཔལ་སྤུངས་དགོན་དུ་ཕེབས་ནས་ལོ་དེའི་ཟླ་བ་བཅུ་པར་དཔལ་སྤུངས་སྒྲུབ་ཁང་དུ་ལོ་གསུམ་ཟླ་གསུམ་གྱི་བཅད་རྒྱའི་མཚམས་བཞུགས། སྒྲུབ་ཁང་བཞུགས་ཚེ་ཁུ་བོ་ཐང་རྙེད་ནོར་བུ་སྒྲུབ་དཔོན་དུ་བཞུགས་སྐབས་དེའི་མདུན་ནས་སྦྱོང་ཞོར་སྒྲུབ་གྲྭ་དབུ་མཛད་གནང་། ཤངས་ལུགས་རྒྱུད་སྡེ་རྣམས་གཙོ་བོར་བྱས་པའི་གསར་མའི་རྒྱུད་སྡེ་རྣམས་དང་། མཁའ་སྤྱོད་དཀར་དམར་དང་། ནི་གུ་ཆོས་དྲུག་སོགས་བསྙེན་སྒྲུབ་པ་མཐར་ཕྱིན་པ་བཛད། རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཆ་ཚང་དང་། དེ་དག་གི་ཆོ་ག་ཕྱག་ལེན་དང་དབྱངས་གདངས་སོགས་བྱང་ཆུབ་པ་བསླབས། དགོངས་ལོ་ཉི་ཤུ་པའི་ལྕགས་བྱ་སྤྱི་ལོ་༡༩༢༡ལོར་ཟླ་བ་དང་པོའི་ཚེས་བཅོ་ལྔ་ཉིན་མཚམས་ལས་གྲོལ། ལོ་དེས་སི་ཏུ་པདྨ་དབང་མཆོག་གི་བཀའ་ཕེབས་ལྟར་དཔལ་སྤུངས་དུང་འཁོར་ལྷ་ཁང་གི་རྟེན་བཞེངས་དང་། རྡོ་སེམས་སྟོང་སྐུ་གསར་བཞེངས་སོགས་ཀྱི་ལས་གྲྭར་ཞུགས། དགུང་ལོ་ཉེར་གཅིག་པའི་ཆུ་ཁྱི་སྤྱི་ལོ་༡༩༢༢ལོར་སི་ཏུ་པདྨ་དབང་མཆོག་མདུན་ནས་བྱང་ཆུབ་སེམས་སྡོམ་དང་། དབང་ལུང་ཁྲིད་གསུམ་མང་པོ་ཞུས། རབ་བྱུང་བསྙེན་རྫོགས་ཞུ་འདོད་བྱས་ཀྱང་སི་ཏུའི་ཞལ་ནས་ཁྱོད་རང་ལྷ་བཟོའི་ལས་ཀའི་སྐབས་སུ་གསེར་དངུལ་མང་པོ་ཐུག་རེག་བྱ་དགོས་པ་འདིས་བསྙེན་རྫོགས་ཀྱི་སྡོམ་པ་ཇི་བཞིན་སྲུང་བ་ལ་མི་ལེགས་པས་རེ་ཞིག་ཕྱིར་འགྱང་དགོས་པའི་བཀའ་ཕེབས་དང་དུ་བླངས། དགུང་ལོ་ཉེར་གསུམ་པའི་ཤིང་བྱི་སྤྱི་ལོ་༡༩༢༤ལོར་བེ་རི་མཁྱེན་བརྩེའི་མདུན་ནས་བཀའ་འགྱུར་ལྗགས་ལུང་ཆ་ཚང་དང་། མར་ལུགས་རྒྱུད་སྡེའི་དབང་བཤད་བཅས་ཐོབ། དགུང་ལོ་ཉེར་ལྔ་པའི་མེ་སྟག་སྤྱི་ལོ་༡༩༢༦ལོར་དཔལ་སྤུངས་འདུ་ཁང་ཆེན་པོ་རྒྱ་བསྐྱེད་ཅིང་བྱམས་པཁང་གསར་བཞེངས་སྐབས་ལྷ་བཟོ་ཀར་འབྲུག་ལ་ཞལ་སློབ་ཐང་བླ་ཚེ་དབང་གཙོ་བོར་བྱས་པའི་ལྷ་བཟོ་བཞི་བཅུ་ཙམ་གྱིས་དཔལ་སྤུངས་བྱམས་ཆེན་གཙོ་བོར་བྱས་པའི་བྲིས་འབུར་གྱི་སྐུ་རྟེན་ཐམས་ཅད་བཞེངས་པའི་ལས་གྲྭར་ཞུགས་ནས་ལོ་ངོ་བཞི་ལ་ཡོངས་སུ་རྫོགས་པར་གྲུབ། དེ་ནས་དགུང་ལོ་སོ་བཞིའི་བར་དཔལ་སྤུངས་བཤད་གྲྭར་བཞུགས་ནས་གཞུང་ལུགས་སྤྱི་དང་། ཁྱད་པར་ཀརྨ་གུ་རུའི་མདུན་ནས་མངོན་པ་མཛོད་དང་། ཀརྨ་རྣམ་རོལ་གྱི་མདུན་ནས་དྭགས་པོའི་བཀའ་འབུམ། མ་ཅིག་གཅོད་ཡུལ་རྣམ་བཤད། ཟབ་མོ་ནང་དོན། རྒྱུད་བརྟག་གཉིས། རྒྱུད་བླ་མ་སོགས་ཟབ་ཁྲིད་ཞུས། ཟེ་ཆེན་རྒྱལ་ཚབ་མདུན་ནས་ཕུར་པའི་རྣམ་བཤད་དང་། སྙིང་ཐིག་སོགས་རྙིང་མའི་ཆོས་སྐོར་ཞུས། རྣལ་འབྱོར་ཀུན་དགའ་དཔལ་ལྡན་གྱི་མདུན་ནས་རྫོགས་ཆེན་ཚིག་གསུམ་གནད་རྡེག་ཞུས། བླ་མ་ཚེ་དབང་རབ་བརྟན་མདུན་ནས་རྩིས་དཀར་ནག་ཆ་ཚང་ཞུས། དགུང་ལོ་སོ་བཞི་པའི་ཤིང་ཕག་སྤྱི་ལོ་༡༩༣༥ལོར་སྡེ་དགེའི་དབོན་སྟོད་བཤད་གྲྭ་ཕེབས་ནས་མཁན་པོ་དབོན་སྟོད་མཁྱེན་རབ་བདུན་ནས་དབུ་མ་རྩ་འཇུག་བཞི་གསུམ་དང་། སྤྱོད་འཇུག ཤེར་ཕྱིན་སོགས་དང་། ལམ་འབྲས་སོགས་ས་ལུགས་ཀྱི་གཞུང་རྣམས་ལ་ཐོས་བསམ་གནང་བ་སོགས་མཛད། ལྟ་བའི་མཐའ་དཔྱད་ཀྱི་རྩོད་པ་ཡང་འཆར་ཅན་དུ་གནང་། དགུང་ལོ་སོ་དྲུག་པའི་མེ་གླང་སྤྱི་ལོ་༡༩༣༧ལོར་རང་དགོན་དཔལ་སྤུངས་སུ་ཕྱིར་ཕེབས། དེ་ནས་ལོ་ཤས་དཔལ་སྤུངས་སུ་བཞུགས་ཏེ་སི་ཏུ་རིན་པོ་ཆེའི་ཉེར་མཁོའི་སྐུ་རྟེན་ཕྲན་ཚེགས་འགར་བཞེངས། དགུང་ལོ་སོ་དགུ་པའི་ལྕགས་འབྲུག་སྤྱི་ལོ་༡༩༤༠ལོར་བོད་ཡུལ་དབུས་སུ་གནས་བསྐོར་ཕེབས། དབུས་གཙང་གི་གནས་བསྐོར་མཐར་ཕྱིན་པ་དང་དགུང་ལོ་ཞེ་གསུམ་པའི་ཤིང་སྤྲེལ་སྤྱི་ལོ་༡༩༤༤ལོའི་ལོ་གསར་སྐབས་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་སེར་ར་ཕེབས་ནས་རི་བོ་དགེ་ལྡན་པའི་ཐུན་མིན་གྱི་ཁྱད་ཆོས་རིགས་ལམ་གྱི་སྒོ་ནས་གཞུང་བཀའ་པོད་རྣམས་འཆད་ཉན་བྱ་སྲོལ་ལ་སློབ་གཉེར་གནང་། དགེ་ལྡན་ལུགས་སྲོལ་ཐུན་མིན་རྣམས་བྱང་ཆུབ་པ་ཞིག་མ་བྱང་བར་དུ་ལོ་ཤས་དེར་བཞུགས་རྒྱུའི་དམ་བཅའ་གནང་ཡང་། ལོ་དེའི་ཟླ་བ་བདུན་པ་མཚུར་ཕུ་དགོན་ནས་བང་མི་བཏང་སྟེ་རྒྱལ་བ་ཀརྨ་པའི་དྲུང་ཡིག་དགོས་པའི་བཀའ་ཕེབས་པས་རེ་ཞིག་མ་ཕེབས་ཐབས་མེད་གྱུར། དགུང་ལོ་ཞེ་དྲུག་པའི་མེ་ཕག་སྤྱི་ལོ་༡༩༤༧ལོར་སི་ཏུ་རིན་པོ་ཆེའི་སྐུ་འཁོར་དུ་ཕྱིར་དཔལ་སྤུངས་སུ་ཕེབས། དགུང་ལོ་ལྔ་བཅུ་པའི་ལྕགས་ཡོས་སྤྱི་ལོ་༡༩༥༡ལོར་སྡེ་དགེ་རྒྱལ་མོ་འཇམ་དབྱངས་དཔལ་མོས་གདན་ཞུས་ལྟར་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས་ནས་གནས་བརྟན་བཅུ་དྲུག་སོགས་ཀྱི་སྤར་ཤིང་བརྐོ་རྒྱུའི་པར་རྩའི་རི་མོ་བྲིས། དགུང་ལོ་ང་གཅིག་པའི་ཆུ་འབྲུག་སྤྱི་ལོ༡༩༥༢ལོར་ཀོང་སྤྲུལ་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས་བཀའ་བརྒྱུད་པའི་གསེར་ཕྲེང་གི་ཞལ་ཐང་བཞི་བཅུའི་སྐོར་གསར་བཞེངས་གནང་བའི་ལས་འགན་གཙོ་བོར་བཞེས། ཆུ་སྦྲུལ་སྤྱི་ལོ་༡༩༥༣ལོར་ཞལ་ཐང་ཡོངས་སུ་གྲུབ། དགུང་ལོ་ང་དྲུག་པའི་མེ་བྱ་སྤྱི་ལོ་༡༩༥༧ལོར་ཁམས་ཕྱོགས་སུ་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་སྐབས་སུ་ས་གནས་སོ་སོའི་བླ་མ་དང་། མི་དཔོན། མཁས་པ་ཐམས་ཅད་ལ་འཐབ་རྩོད་དང་བརྡུང་རྡེག་ཡ་ང་བས་མནར་བའི་སྐབས་སུ། ས་གནས་ཀྱི་ལས་བྱེད་རྣམས་ཡོན་ཏན་ཅན་དགོན་པས་རྗེ་འདི་ཉིད་ལ་ཚོགས་འདུས་ཀྱི་ཟིན་བྲིས་དང་། མིང་ཐོ་འགོད་རྒྱུ་སོགས་ཁོ་ཚོའི་ཞབས་ཞུས་བསྒྲུབ་བཅུག་པས་རིམ་བཞིན་ལས་བྱེད་པ་དེ་དག་དང་ངོ་ཤེས་པར་གྱུར་སྟབས། སྔོན་གྱི་ལས་དབང་ལྟ་བུའི་མི་གཞན་ལས་གུ་ཡངས་ཆེ་བར་བྱུང་། དགུང་ལོ་ང་དགུ་པའི་ལྕགས་བྱི་སྤྱི་ལོ་༡༩༦༠ལོར་མུ་གེའི་བསྐལ་པ་ཡ་ང་བ་ཤར་བའི་དུས་སུ་སྔར་ནས་སྦས་སྐུང་བྱས་པའི་འབྲུ་རིགས་སོགས་ལྐོག་ཏུ་བཞེས་ཡས་ཡོད་པས་བཀྲེས་སྐོམ་གྱི་སྡུག་བསྔལ་གཞན་ལས་ཆུང་བ་དང་། ས་རྒོད་ཐ་ཞིང་དུ་བསྒྱུར་བའི་ལས་རའི་ནང་དུ་མི་སོ་སོའི་མིང་ཐོ་དང་། སྐར་གྲངས་སོགས་ཐོ་འགོད་ཀྱི་ལས་འགན་བཀོལ་བས་གཞན་ལས་དཀའ་ངལ་ཆུང་བར་བྱུང་། དགུང་ལོ་དྲུག་ཅུ་པའི་ལྕགས་གླང་སྤྱི་ལོ་༡༩༦༡ལོར་སླར་ཡང་དགོན་སྡེ་འགའ་ཞིག་བསྐྱར་གསོ་དང་། གྲྭ་ཚང་ཉུང་ཤས་དགོན་ནང་དུ་བཞུགས་ཆོག་པའི་སྲིད་ཇུས་སྐབས་སུ་རྗེ་འདི་ཉིད་གཙོས་པའི་བླ་མ་བརྒྱད་དགོན་ནང་དུ་བསྐོར་བཞག་གནང་། དགུང་ལོ་རེ་ལྔ་པའི་མེ་རྟ་སྤྱི་ལོ་༡༩༦༦ལོར་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྤེལ་སྐབས། སྔར་གྱི་བླ་སྤྲུལ་དང་ས་བདག་སོགས་ལ་འཐབ་རྩོད་དང་རྡུང་རྡེག་གཏོང་སྐབས་ལས་བྱེད་པ་རྣམས་ཀྱིས་ཁོང་ལ་གླ་ཡོན་གང་ཡང་མེད་པའི་སྒོ་ནས་རྐུབ་བཀྱག་དང་། གོས་སྒམ་སོགས་ཁྱིམ་ཆས་རྣམས་ལ་ཚོན་མདངས་བྱེད་བཅུག་པ་ཁོང་གིས་དེ་བཞིན་ཞབས་ཞུས་སྒྲུབ་སྟབས་མི་གཞན་དག་ལས་འཐབ་རྩོད་གུ་ཡངས་པར་བྱུང་། རྙིང་བཞི་རྩ་གཏོར་གྱི་ལས་འགུལ་ནང་དུ་ལོ་ངོ་བརྒྱ་ཕྲག་མང་པོར་བསོགས་འཇོག་བྱས་པའི་དགོན་པའི་ནང་རྟེན་རྣམས་གཏོར་བརླག་གཏོང་བའི་སྐབས་སུ། ཐང་བླ་ཚེ་དབང་སོགས་དགོན་དེའི་བསམ་ཡོད་ཤེས་ལྡན་གྱི་མི་སྣ་རྣམས་ཀྱིས་ཐབས་ཇུས་འོག་ཡུལ་མི་མང་པོ་རྩ་འཛུགས་བྱས་ཏེ་ལྷ་སྐུ་དང་། གསུང་རབ། སྤར་ཤིང་། མཆོད་ཆས། དར་གོས་སོགས་རང་ནུས་ཡོད་རྒུ་བཏོན་ཏེ་བྲག་རི་དང་། ནགས་ཚལ། ས་འོག ཁང་པའི་འོག་སོགས་ལ་སྦས་སྐུང་བྱས་ཏེ་ཉར་ཚགས་གནང་བ། རིག་གནས་གསར་བརྗེ་མཇུག་རྫོགས་ཤིང་དགོན་པ་སླར་གསོའི་སྐབས་སུ་དེ་དག་ཕལ་ཆེར་དགོན་པའི་ཡང་རྟེན་དུ་གྱུར། རིག་གནས་གསར་བརྗེ་ཆེན་པོའི་ནང་ལྐོག་ཏུ་གཞོན་ནུ་ཤེས་རབ་ཅན་མང་པོ་ལ་སྲོག་དང་སྡོམ་ནས་བོད་ཀྱི་ཤེས་རིག་སུམ་རྟགས་དག་གསུམ་དང་སྙན་ངག ཚད་མ། དབུ་ཕལ་འདུལ་མཛོད་སོགས་ནང་དོན་རིག་པ་དང་། ལྷ་བཟོ་བཅས་སློབ་ཁྲིད་གནང་ནས་མི་རིགས་རིག་གནས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་གནང་། དགུང་ལོ་དོན་བདུན་པའི་ས་རྟ་སྤྱི་ལོ་༡༩༧༨ལོར་གུ་ཡངས་ཀྱི་སྲིད་ཇུས་འོག་ཁམས་ཕྱོགས་ཀྱི་ཡུལ་སྡེ་མང་པོ་ཞིག་ནས་དགོན་པ་ཉམས་གསོའི་གྲ་སྒྲིག་ཆེད་དུ་ཕྱོགས་སོ་སོ་ནས་ཡོང་པའི་གཞོན་ནུ་མང་པོ་ཞིག་དཔལ་སྤུངས་དགོན་དུ་ལྷ་བྲིས་སྦྱོང་སར་འབྱོར་བ་དང་། རྗེ་འདིས་ཉིན་མཚན་ལྟོས་མེད་ཀྱིས་སློབ་ཁྲིད་གནང་བས་ལོ་ཤས་རྗེས་སུ་ལྷ་བཟོ་གསར་པ་བརྒྱ་ལྷག་ཙམ་བྱུང་ཞིང་དེ་དག་དགོན་སྡེ་ཉམས་གསོའི་འཕྲིན་ལས་པ་གཙོ་བོ་གྱུར། དགུང་ལོ་བརྒྱད་ཅུའི་ལྕགས་བྱ་སྤྱི་ལོ་༡༩༨༡ལོ་ནས་དཔལ་སྤུངས་དགོན་པ་ཉམས་གསོ་བྱ་རྒྱུའི་འགན་བཞེས། ལོ་ངོ་ཁ་ཤས་ཀྱི་རིང་ལ་ལྷ་ཁང་རྙིང་པ་ཉམས་གསོ་དང་། སྒྲུབ་སྡེ་གོང་འོག་གསར་བཞེངས་སོགས་རྟེན་བརྟེན་པ་བཅས་པ་ཕལ་ཆེར་གྲུབ། དགུང་ལོ་གྱ་གསུམ་པ་ཤིང་བྱི་སྤྱི་ལོ༡༩༨༤ལོར་ཏཱའི་སི་ཏུ་རིན་པོ་ཆེའི་མདུན་ནས་རབ་བྱུང་བསྙེན་རྫོགས་ཞུས། དེ་ནས་བཟུང་སྐུ་ཚེ་མཐར་མ་ཕྱིན་བར་དུ་ལུས་ངག་ཡིད་གསུམ་ཐམས་ཅད་གཞན་དོན་ཁོ་ནར་བཏང་བའི་དམ་བཅའ་བརྟན་པོས་ཆོས་འདོད་པ་ལ་ཆོས་འཆད། རིག་གནས་འདོད་པ་ལ་རིག་གནས་བཤད། ལྷ་བཟོ་སྦྱོང་མཁན་ལ་ལྷ་བཟོ་ཁྲིད་པ་སོགས་གནས་དང་། དུས་ཀྱི་ཆ་རྐྱེན་གྱིས་བཀག་པ་མེད་པ་གང་ལ་གང་འདོད་དུ་བཀའ་དྲིན་སྐྱོང་བར་མཛད། དགུང་ལོ་གྱ་ལྔ་པའི་མེ་སྟག་སྤྱི་ལོ་༡༩༨༦ལོར་དཔལ་སྤུངས་བཤད་གྲྭ་གསར་འཛུགས་གནང་ཞིང་དིལ་ཆུང་བློ་ཆོས་བཤད་གྲྭའི་མཁན་པོ་བསྐོ་བཞག་གནང་། དཔལ་སྤུངས་དགོན་པའི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ཉམས་གསོ་མཐར་ཕྱིན་པར་གནང་། དགུང་ལོ་གྱ་བརྒྱད་པའི་ས་སྦྲུལ་སྤྱི་ལོ་༡༩༨༩ལོར་ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ཉིན་སྐུ་གཤེགས། ཁོང་གི་བརྩམས་ཆོས་སྐོར་ལ། ཀོང་སྤྲུལ་སྐུ་ཕྲེང་གཉིས་པའི་རྣམ་ཐར། སྙན་ངག་མེ་ལོང་མའི་དཔེར་བརྗོད། དཔལ་སྤུངས་དགོན་པའི་ལོ་རྒྱུས་སོགས་དང་། གཞན་ཡང་གསོལ་འདེབས་དང་། བསྟོད་ཚོགས་འགའ་ཞིག་དང་། ཞལ་ཐང་སྐོར་ལ། ཐུབ་པའི་ཆོ་འཕྲུལ་སྨོན་ལམ་གྱི་ཞལ་ཐང་བཅོ་ལྔ། ཕུར་པའི་ཞལ་ཐང་བཅུ་གསུམ། ཞི་ཁྲོ་དམ་པ་རིགས་བརྒྱའི་ཞལ་ཐང་ཆ་ཚང་སོགས་ཞལ་ཐང་སྟོང་ཕྲག་ལྷག་ཙམ་བཞུགས་ཡོད།

language:
Tibetan