- thar rtse byams pa nam mkha' kun bzang bstan pa'i rgyal mtshan
- ID:
- T232401
- ཐར་རྩེ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > thar rtse byams pa nam mkha' kun bzang bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tar tsé jampa namkha kunzang tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་གཅིག་པ་ཡིན། གཙང་ཞྭ་ལུ་སྐུ་ཞང་གི་རིགས་སུ་སྐུ་འཁྲུངས། ཆུང་ངུ་ནས་ཐར་རྩེ་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ་ཏེ་བཞུགས། ཡོངས་འཛིན་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་ཨེ་ཝཾ་པའི་མཛད་རྒྱུན་ཆོ་ག་ཆོས་སྤྱོད་ཕྱག་ལེན་ཕྲ་མོ་ཚུན་ཆད་ཐུགས་ལ་ཆུད། གཞན་ཡང་ཐུན་མོང་གི་རིག་གནས་ཀྱི་སྐོར་དང་། ཐུན་མོང་མ་ཡིན་པ་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ་གསན་བསམ་མཐར་ཕྱིན་པ་དང་། ཞབས་དྲུང་རྣམ་པའི་མཛད་རིམ་ལ་རྒྱུགས་ཆུང་བཞི་སོགས་ལེགས་པར་གྲུབ་ནས། ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱི་མདུན་ནས་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སོགས་ཟབ་ཆོས་མཐའ་ཡས་པ་དང་། བྱང་ཆུབ་སེམས་སྡོམ་དང་། སོ་སོར་ཐར་པའི་སྡོམ་པ་སོགས་བཞེས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཕྲ་མོ་ཡང་མ་གོས་པར་སྲུང་སྡོམ་ཚུལ་བཞིན་གནང་། ཀྱཻ་རྡོར་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་ཐར་ཕྱིན་པ་དང་། ཞབས་དྲུང་དུས་སྟོད་ལ་དྭགས་ཕྱོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་མཛད། བསྟན་སྲུང་རོང་བཙན་རྣམ་གཉིས་ཀྱི་བསྐང་གསོ་རྒྱས་པ་གསར་རྩོམ་བཀའ་དྲིན་བསྐྱང་། དེ་ནས་མདོ་ཁམས་སྒ་སྟོད་དང་སྡེ་དགེ་གཙོས་མདོ་སྟོད་སྨད་གང་སར་ཞབས་ཀྱིས་བཅག་ཏེ་མཛད་ཕྲིན་ནམ་མཁའ་དང་མཉམ་པར་གྱུར། གདན་ས་ཆེན་པོར་ཡར་ཕེབས་ནས་ས་མོ་ཡོས་ཀྱི་ལོར། ཨེ་ཝཾ་པ་ཆེན་པོའི་རྒྱལ་ཚབ་ཏུ་མཁན་ཁྲིར་ཕེབས། གསུང་ངག་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་དཔག་ཏུ་མེད་པར་ཕྲིན་ལས་བསྐྱབས། མཁན་ཁྲི་ལོ་གཅིག་ལས་མཛད་མ་ཐུབ་པར་རྗེས་ལོ་གཉིས་དེ་ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་སྐྱོང་བར་མཛད་ནས་ལྕགས་འབྲུག་ལོ་མགོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan