- dung dkar blo bzang 'phrin las
- ID:
- T233093
- དུང་དཀར་བློ་བཟང་འཕྲིན་ལས (Tibetan, Tibetan script, Original)
- > dung dkar blo bzang 'phrin las (Tibetan, Latin script, Transliteration-THL Extended Wylie Transliteration)
- > dungkar lo zang trinlé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡབ་ཚེ་དབང་དང་། ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་ཡོས (༡༩༢༧) དགེ་མཚན་གྱི་ལྟས་དུ་མ་དང་བཅས་ཀོང་པོ་ཉིང་ཁྲི་རྫོང་ཁོངས་ཇོ་མོ་ཤང་དུ་སྐུ་བལྟམས། མཚན་ལ་ཟླ་བ་ཞེས་གསོལ། ཕ་བོང་ཁ་བ་བདེ་ཆེན་སྙིང་པོས་ཆོས་མིང་དུ་བློ་བཟང་སྐལ་ལྡན་འཕྲིན་ལས་རྒྱ་མཚོར་གསོལ། ལྕགས་ལུག (༡༩༣༡) ལོར་དགུང་གྲངས་ལྔ་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། ཤིང་ཕག (༡༩༣༥) ལོར་འཁྲུངས་ཡུལ་གཞིས་དགོན་དུ་ཁྲི་སྟོན་མཛད། སེར་སྨད་ཀོང་པོ་ཁང་ཚན་གྱི་འདུལ་བ་འཛིན་པ་ངག་དབང་ཡོན་ཏན་ཀློག་གི་སློབ་དཔོན་དུ་བསྟེན། གཞུང་ཆེན་ལྔའི་རྩ་བ་དང་འགྲེལ་བ་ཤོག་གྲངས་ཉིས་བརྒྱ་ལྷག་དང་། དགོན་པའི་ཚོགས་འདོན་ཡོངས་རྫོགས་ཐུགས་འཛིན་མཛད། མེ་བྱི (༡༩༣༦) སེར་སྨད་གྲྭ་ཚང་དུ་སེར་བྱེས་གཙང་པ་ཁང་ཚན་གྱི་དགེ་བཤེས་ངག་དབང་དགེ་འདུན་ལ་ལོ་བཅུ་ལྷག་རིང་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད། མེ་ཁྱི (༡༩༤༦) ལོར་ལྷ་ས་སྨོན་ལམ་ཆེན་མོ་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞེས། ལྕགས་སྟག (༡༩༥༠) ལོར་སྔགས་རམས་ཨང་གཉིས་པའི་མཚན་སྙན་ཐོབ། གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ་ལྷུན་འགྲུབ་བརྩོན་འགྲུས་སོགས་བླ་མ་བཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ཡང་སྐྱར་དུ་གསན་སྦྱོང་མཛད། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་། མེ་སྤྲེལ (༡༩༥༩) ལོར་ཀོང་པོ་ཉིང་ཁྲི་ཀྲོན་ཆུས་དྭགས་ཀོང་ཡན་ལག་ཆོས་ཚོགས་ཀྱི་ཀྲུའུ་རེན་གཞོན་པའི་ཐུགས་འགན་བཞེས། ས་ཕག (༡༩༥༩) ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་དུ་བསྐོ་བཞག་ཞུས། ལྕགས་བྱི (༡༩༦༠) ལོར་པེ་ཅིན་དུ་ཐོག་མར་ཕེབས་འབྱོར་ཐོག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་ནང་ལོ་དྲུག་རིང་སྔ་ཕྱིར་བོད་ཡིག་ཞིབ་འཇུག་འཛིན་གྲྭ་ཁག་གཉིས་ལ་སུམ་རྟགས་དང་། སྙན་ངག ལོ་རྒྱུས་སོགས་སློབ་ཁྲིད་གནང་། རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་འགོ་ཚུགས་རྗེས་ལོ་ངོ་བརྒྱད་(༡༩༦༦-༡༩༧༣)རིང་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་གྲོང་ལྡན་གཉིས་པའི་ཁོངས་སུ་ངལ་རྩོལ་བསྒྱུར་བཀོད་མཛད་དགོས་བྱུང་། ལྕགས་སྤྲེལ་(༡༩༨༥)ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་ཆེན་མོའི་མཚན་གནས་བཞེས། (༡༩༨༥) ལོར་པེ་ཅིན་ནས་བོད་དུ་ཕེབས་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཕྱག་ལས་གནང་། རྩོམ་ཡིག་ལ་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་དང་། དུང་དཀར་ཚིག་མཛོད་ཆེན་མོ་སོགས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ཀྱི་གསུང་འབུམ་ཞེས་པོད་བརྒྱད་བཞུགས་སོ། །དམ་པ་གང་ཉིད་ནི་བོད་རིག་པའི་མཁས་པའི་ཁྱུ་མཆོག་ཅིག་ཡིན། འཇར་མན་དང་། ནོར་ཝེ་སོགས་སུ་སློབ་ཁྲིད་དང་ཚོགས་འདུ་མང་པོར་ཕེབས་མྱོང་། དགུང་གྲངས་བདུན་ཅུར་ཕེབས་པ་མེ་གླང (༡༩༩༧) ལོའི་སྤྱི་ཟླ་༧ཚེས༢༢ (བོད་ཟླ་ལྔ་པ་ཕྱི་མའི་ཚེས་བཅོ་བརྒྱད) ཉིན་གྱི་སྔ་དྲོའི་ཆུ་ཚོད༡༡པར་ཨ་རིའི་གྲོང་ཁྱེར་ལོ་ཧྲན་ཅི་རུ་གཟིམ་ཁྲི་མཐའ་ཅན་དུ་གྱུར།
- language:
- Tibetan