Skip to main content Skip to search
de mo 'jam dpal bde legs rgya mtsho
ID:
T233219
  • དེ་མོ་འཇམ་དཔལ་བདེ་ལེགས་རྒྱ་མཚོ (Tibetan, Tibetan script, Original)
    • > de mo 'jam dpal bde legs rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > demo jampal delek gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དེ་མོ་སྐུ་ཕྲེང་དྲུག་པ)དེ་མོ་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐོག་མཚན་སྙན་དང་མཛད་རྗེས་ཤིན་ཏུ་ཆེ་བའི་གྲས་ཤིག་ཡིན་པ་མ་ཟད། བོད་ཀྱི་སྤྲུལ་སྐུ་ཧོ་ཐོག་ཐུའི་ནང་ནས་ཀྱང་སྲིདས་སྐྱོང་གནང་མཁན་ཐོག་མ་དེ་ཡིན་པ་དང་། ཁོང་ནི་དེ་མོ་སྐུ་ཕྲེང་དྲུག་པ་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་(༡༧༢༣)ལོར་བོད་ལྗོངས་ཤར་ཕྱོགས་ཀོང་ཡུལ་དུ་ཡབ་བསོད་ནམས་ལྷ་དར་དང་ཡུམ་སྒྲོལ་མ་སྐྱིད་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་རྣམ་རིག་བཀྲ་བས་ཕྱག་དཔེ་འཛིན་ཀློག་ལ་དཀའ་བ་མེད་པ། ཕྱག་སོར་བདེ་བས་བདེ་གཤེགས་ཀྱི་སྐུ་བརྙན་དང་ཡུལ་ལྗོངས་སོགས་རི་མོ་འབྲི་བར་མཁས་པ་བཅས་ངོ་མཚར་གྱི་རྟགས་དང་ལྡན། དགུང་ལོ་བཅུ་གསུམ་ལ་ལྷ་སར་ཕེབས་ནས་རྒྱལ་དབང་བསྐལ་བཟང་རྒྱ་མཚོར་སྐྲ་ཕུད་ཕུལ་ཏེ་མཚན་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ཞེས་གསོལ། སྐབས་དེར་ཏཱ་ལའི་བླ་མ་བསྐལ་བཟང་རྒྱ་མཚོ་མཆོག་ནས་མཁས་པས་བསྔགས་པའི་ཡོན་ཏན་ལ་སྦྱངས་པའི་སྐབས་སུ་བབས་པ་དང་འབྲས་སྤུངས་ཆོས་སྡེར་ཆོས་ཞུགས་གནང་དགོས་ཕེབས་པ་བཞིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཞུགས་ནས་བློ་གླིང་དཔོན་སློབ་རྭ་སྒྲེང་མཁན་པོ་བློ་བཟང་དར་རྒྱས་ཡོངས་འཛིན་དུ་བསྟེན་ཏེ་རིག་ལམ་སྒོ་འབྱེད་བསྡུས་གྲྭ་རྩི་བཞག་གསན། དེ་སྐབས་རྒྱ་ནག་གོང་མའི་རྒྱལ་སྲས་བཅུ་བདུན་པས་རྗེ་ཉིད་སྐུ་ན་འཚར་རྗེས་པེ་ཅིན་དུ་ཁོང་གི་མཆོད་གནས་སུ་གདན་འདྲེན་དགོས་པས་དེ་སྐབས་ཕྱོགས་འདིའི་གདུལ་བྱ་རྗེས་སུ་བཟུང་ཕྱིར་རྒྱ་སོག་གི་སྐད་རིགས་གསན་སྦྱོང་དགོས་པའི་ཞུ་ཡིག་དང་དངུལ་བྲེ་ཆེན་དང་དར་གོས་ཀྱི་རྟེན་བཅས་འབྱོར་པས་རིག་པའི་གནས་ལ་མཁས་ཤིང་སྐད་རིགས་མི་འདྲ་བ་དུ་མར་བྱང་ཆུབ་པའི་དབུ་ཆེན་ཆོས་མཛད་བློ་བཟང་རྣམ་རྒྱལ་དགེ་རྒན་དུ་བསྟེན་ནས་གསན་བསམ་ལ་བརྩོན་པ་ལྷུར་བཞེས་ཀྱིས་མཁས་པར་གྱུར། གཞན་ཡང་སྐུ་གཞོན་ནུའི་དུས་ནས་སྨན་མཁྱེན་བྱིའུ་བ་སོགས་ཀྱི་ལུགས་ལྟར་རི་མོའམ་འབུར་བཟོརད་མཁས་པས་སྐུ་ཐང་དང་འབུར་བཟོའི་སྐུ་བརྙན་སོགས་བཟོ་རྩལ་ཁྱད་དུ་འཕགས་པའི་ཉམས་འགྱུར་ལྡན་ཡོད། དེ་རྗེས་ཏཱ་ལའི་བླ་མ་བསྐལ་བཟང་རྒྱ་མཚོས་མཁན་པོ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་སློབ་དཔོན་མཛད་དེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་བཞིན་བཞེས། དགུང་ལོ་ཉི་ཤུར་ཕེབས་སྐབས་ཏཱ་ལའི་བླ་མ་བསྐལ་བཟང་རྒྱ་མཚོ་མཆོག་གི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས་པ་དང་། ཆོས་སྲིད་གང་ཐད་ནས་བཀའ་སློབ་དང་དབང་ལུང་ཁྲིད་སོགས་མང་དུ་བསྩལ་ཞིང་། དེ་རྗེས་ཏཱ་ལའི་བླ་མ་མཆོག་གིས་བཀའ་བསྐུལ་གནང་བ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་འཇོག་གནང་སྐབས་གཞུང་ཆེན་ལྔའི་དཀའ་གནད་ལ་རྣམ་དཔྱོད་དང་ལྡན་པའི་ལན་འདེབས་གནད་འཁེལ་བྱུང་བར་མཁས་མང་གི་བསྔགས་བརྗོད་ཐོབ་ཁར། ཏཱ་ལའི་བླ་མ་མཆོག་གིས་ཀྱང་དགྱེས་ཚོར་གྱིས་སྐུ་བཅར་མངགས་གཏོང་བམདུན་དམིགས་བསལ་གཟིགས་གསོས་མཇལ་དར་ནང་མཛོད་བསྩལ་ཞིང་། དེ་ནས་བཟུང་ཏཱ་ལའི་བླ་མ་མཆོག་གི་སློབ་མའི་གཙོ་བོ་དང་ཐུགས་སྣང་གཤིན་ཞིང་སྐུའི་གམ་བཅར་དུ་གྱུར། པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ཀྱིས་གཙོས་གཞན་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་གནང་སྐབས་ལས་སློབ་གཤེགས་རྗེས་སྲིད་སྐྱོང་རྒྱལ་ཚབ་ཏུ་བསྐུར་འོས་སུ་ཡོད་སྐོར་ལ་གོང་མའི་སྐུ་ཚབ་ཨམ་བན་ནས་ཡུན་རིང་ཏཱ་ལའི་བླ་མའི་སྐུ་བཅར་ཐུགས་གཏད་ཆེ་བ་བོད་ཀྱི་ཧོ་ཐོག་ཐུ་སུ་ཡོད་ཅེས་གྲོས་བསྡུར་སྐབས་བཀའ་བློན་བཞི་སོགས་བོད་ཀྱི་སེར་སྐྱ་དཔོན་རིགས་ཚང་མས་དེ་མོ་སྤྲུལ་སྐུ་ནི་ཏཱ་ལའི་བླ་མའི་ཞབས་བཅར་ཡུན་རིང་ཞིང་ཐུགས་སྲས་གཙོ་བོ་ཡིན་པ་མགྲིན་དབྱངས་གཅིག་གྱུར་བྱུང་བའི་གནས་ཚུལ་གོང་མར་གྲལ་རྩེ(折子)ཕུལ་བ་བཞིན་གོང་མས་དེ་མོ་སྤྲུལ་སྐུ་ཏཱ་ལའི་བླ་མའི་སྐུ་ཚབ་ཏུ་བོད་ཀྱི་ལས་དོན་བྱེད་བཅུག་སྟེ་དེ་མོ་ཧོ་ཐོག་ཐུ་ནས་ཏཱ་ལའི་བླ་མ་ཞལ་བཞུགས་བཞིན་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་དང་མཐུན་པ་བྱེད་དགོས་པ་དང་། བོད་ཀྱི་བླ་མ་ཆེ་ཕྲ་དང་བཀའ་བློན་སྡེ་པ་རྣམས་ཀྱིས་གུས་པར་བྱེད་ཅེས་པའི་བཀའ་ཡིག་དེ་གཟའ་ཚེས་དགེ་བར་ཕོ་བྲང་པོ་ཏལའི་གཟིམ་ཆུང་ཉི་འོད་འཁྱིལ་བར་བཀའ་བློན་བཞིས་དབུས་སྐུ་དྲག་དང་གདན་ས་གསུམ་གྱི་སློབ་དཔོན་ཁྲི་གདན་ཟུར་སོགས་སེར་སྐྱ་མཆོག་དམན་ཚང་འཛོམས་སར་བསྒྲགས་པ་དང་། གཡང་ཊི་དང་གསེར་དངུལ་ལས་བྱས་པའི་ཉེར་སྤྱད་བཟོ་བཀོད་ངོ་མཚར་ལྡན་པ་མང་པོ་དང་། གོས་དར་སོགས་རིན་ཐང་ཅན་གྱི་ཕྱག་རྟགས་དང་བཅས་རྒྱལ་བའི་རྒྱལ་ཚབ་ཏུ་གཟེངས་བསྟོད་བྱུང་ཞིང་། སྐབས་དེར་དེ་མོ་ཧོ་ཐོག་ཐུས་ཁོ་བོ་ནི་ཆོས་སྲིད་གང་ཐད་ནས་བློ་གྲོས་དང་ཉམས་མྱོང་དམན་ཞིང་གསུང་ངག་མི་བདེ་བ་བཅས་ཀྱིས་དགོངས་འཁྲོལ་ཞུ་ཐབས་གནང་བར་ཨམ་བན་གཉིས་དང་བོད་ཀྱི་མི་ཆེན་ཚང་མས་ཞུ་ནན་མཐར་སྐྱེལ་ཞུས་པར་རྒྱལ་ཚབ་གནང་རྒྱུའི་ཞལ་བཞེས་མཛད་དེ་བོད་རབ་བྱུང་བཅུ་གསུམ་པའི་མེ་གླང་(༡༧༤༧)ལོར་བོད་ཀྱི་བཀའ་བློན་རྣམ་བཞི་དང་། རྩེ་ཤོད་དྲུང་འཁོར། གདན་ས་གསུམ། དེ་མིན་དགོན་སྡེ་ཁག།ག རྫོང་གཞིས། སྒེར་བཙན་སོགས་དགའ་ལྡན་ཕོ་བྲང་གི་ཁོངས་སུ་གཏོགས་པ་མཐའ་དག་གིས་དགའ་སྟོན་གཟབ་རྒྱས་ཀྱི་སྒོ་ནས་རྒྱལ་ཚབ་སྲིད་ཁྲིར་འཁོད་པར་ཕྱག་བཅས་རྟེན་འབྲེལ་ཞུས། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་སྐུའི་འདས་མཆོད་ལ་རྟེན་གསུམ་གྱི་སྤྱན་སྔར་མཆོད་སྤྲིན་དང་། དགེ་འདུན་གྱི་སྡེར་བསྙེན་བཀུར་རྒྱ་ཆེ་མཛད་པ་དང་། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསེར་གདུང་བཀྲ་ཤིས་འོད་འབར་གསར་བཞེངས་ཀྱི་བཟོ་བཀོད་དང་། གཟུངས་འབུལ། སྐུ་གདུང་ཟ་མ་ཏོག་བུམ་པར་སྤྱན་འདྲེན་པ་སོགས་ལ་ལྗགས་བཀོད་ཕྱག་བསྟར་གནང་བ་དང་། རབ་གནས་ཀྱི་དབུ་བཞུགས་ཀྱང་གནང་བ་མ་ཟད། རྒྱལ་བའི་ཡང་སྲིད་སྐོར་ལ་སྔ་སྲོལ་ལྷ་སྲོལ་ལྷ་བླ་མ་ལ་ལུང་ཞུ་དང་འབྲེལ་ཕྱོགས་གང་སར་མི་སྣ་ཆེད་གཏོང་མཛད་པར་བརྩད་ཆོད་རྩེ་མཐུན་བྱུང་དང་། གོང་མས་ཀྱང་མོས་མཐུན་ཐོབ་པ་ལྟར་རྗེ་ཉིད་དང་ཨབ་བན། བཀའ་བློན་བཞི་སོགས་ངོ་ཕེབས་ཀྱིས་རྒྱལ་བའི་མཆོག་སྤྲུལ་འཇམ་དཔལ་རྒྱ་མཚོ་གཞིས་རྩེ་བཀྲས་ལྷུན་དགོན་ནས་གདན་ཞུ་དང་གསེར་ཁྲིར་མངའ་གསོལ་མཛད། རབ་བྱུང་བཅུ་གསུམ་པའི་ས་ཡོས(༡༧༤༩)ལོར། མན་ཆིང་གོང་མ་ཆན་ལུང་གིས་དེ་མོ་རིན་པོ་ཆེར་འཇའ་ས་གསེར་ཡིག་དང་དངུལ་ཐམ་གྱི་ཁ་རིས་སུ་བོད་ཀྱི་ལས་དོན་ཁུར་འཛིན་ཞྭ་སེར་བསྟན་པ་འཛིན་བྱེད་དཔལ་ལྡན་ནོ་མིན་ཧན་གྱི་ཐམ་ཀ་ཞེས་འཁོད་པ་གནང་། སྲིད་སྐྱོང་གནང་རིང་ཁྲིམས་འགལ་ལུགས་དཀྲུག་བྱེད་མིར་ནན་པོའི་ཆད་འགེལ་གྱིས་བཀག་འགོག་དང་། གཞུང་དོན་ལ་ཐུགས་འཁུར་ཞིང་སྐུ་སྒེར་གྱི་དོན་རྒྱང་དུ་བསྲིང་ནས་ཐ་ན་གཞན་གྱིས་གསུང་བརྟག་ཞུ་བའི་རྟེན་ཡང་སྲིད་གཞུང་གི་ཕྱག་མཛོད་དུ་འབབ་པར་མཛད་པ་མ་ཟད། རྒྱ་ཁྱབ་ཉམ་ཐག་མི་སེར་གྱི་བདེ་རྩར་ཐུགས་འཁུར་ཆེ་བས་རྐང་འགྲོ་ལག་འདོན་གྱི་ཁྲལ་འཕར་མའི་རིགས་འཁྲི་སྒྲུབ་བྱེད་མི་དགོས་པར་ཐུགས་འཁུར་དང་། ཆེ་བཙན་ཁག་ལ་དམིགས་བསལ་མེད་པར་ལམ་ཐོག་འདུར་རྒྱུགས་སུ་བཏང་བ་སོགས་མི་སེར་གྱི་བདེ་རྩར་ཕན་རླབས་ཆེ་བའི་ཕྱག་ལེན་གནང་། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་(༡༧༦༢)ལོར། བསྟན་རྒྱས་གླིང་བན་གཙང་གྲྭ་ཚང་གསར་དུ་བཙུགས་པ་གནང་བ་མ་ཟད། དེ་བཞིན་རྒྱལ་ཚབ་གནང་རིང་སེ་ར་སྨད་གྲྭ་ཚང་དང་། རྭ་མོ་ཆེ་གཙུག་ལག་ཁང་ལ་ཉམས་གསོ་རྒྱ་ཆེ་ཙམ་གནང་བ་དང་། ལྷག་པ་པར་མཁན་སློབ་ཆོས་གསུམ་གྱི་དུས་བཏབ་པའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཕྱི་ནང་སྟེང་ཤོད་གང་སར་ཉམས་གསོ་རྒྱ་ཆེ་མཛད་དེ་ཉམས་གསོར་གྲགས་པ་ཙམ་ལས་དོན་དུ་རྟེན་དང་བརྟེན་པ་ཚང་མ་གསར་བཞེངས་དང་དབྱེད་བ་མེད་པ་ལྟ་བུ་མཛད་དེ་ནང་དུ་སྐུ་གསུང་ཐུགས་རྟེན་གྲངས་མེད་གསར་བཞེངས་དང་འབྲེལ་ན་བཟའ་དང་། མཆོད་རྫས་སོགས་ཧོར་གོས་དང་གན་གོས་འབའ་ཞིག་ལས་གསར་བཟོ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་མཆོད་ཆས་དང་གསེར་ཀོང་བཅས་ཕུལ་བ་མ་ཟད། གསེར་ཟངས་ཀྱི་རྒྱ་ཕིབས་དང་། གཉྫི་ར། རྒྱལ་མཚན་སོགས་གསར་བཟོ་མཛད། མདོར་ན་ལོ་ཉི་ཤུ་ཙམ་རིང་སྲིད་སྐྱོང་གི་ཐུགས་འགན་བཞེས་རིང་བསྟན་སྲིད་དང་། མི་སེར་གྱི་འཚོ་ཐབས་སོགས་སྒོ་གང་སར་མཛད་རྗེས་དང་མཚན་སྙན་ཤིན་ཏུ་ཆེན་པོ་བྱུང་ཞིང་། མཐར་དགུང་གྲངས་ང་ལྔ་པ་བོད་རབ་བྱུང་བཅུ་གསུམ་པའི་མེ་བྱ(༡༧༧༧)ལོར་སྐུ་གཤེགས་སོ།སོ།།

language:
Tibetan

2. Thupten Phuntsok Dictionary

དེ་མོ་སྐུ་ཕྲེང་དྲུག་པ། དེ་མོ་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐོག་མཚན་སྙན་དང་མཛད་རྗེས་ཤིན་ཏུ་ཆེ་བའི་གྲས་ཤིག་ཡིན་པ་མ་ཟད། བོད་ཀྱི་སྤྲུལ་སྐུ་ཧོ་ཐོག་ཐུའི་ནང་ནས་ཀྱང་སྲིད་སྐྱོང་གནང་མཁན་ཐོག་མ་དེ་ཡིན་པ་དང་། ཁོང་ནི་དེ་མོ་སྐུ་ཕྲེང་དྲུག་པ་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས (༡༧༢༣) ལོར་བོད་ལྗོངས་ཤར་ཕྱོགས་ཀོང་ཡུལ་དུ་ཡབ་བསོད་ནམས་ལྷ་དར་དང་ཡུམ་སྒྲོལ་མ་སྐྱིད་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་རྣམ་རིག་བཀྲ་བས་ཕྱག་དཔེ་འཛིན་ཀློག་ལ་དཀའ་བ་མེད་པ་དང་། བློ་བཟང་རྣམ་རྒྱལ་དགེ་རྒན་དུ་བསྟེན་ནས་གསན་བསམ་ལ་བརྩོན་པ་ལྷུར་བཞེས་ཀྱིས་མཁས་པར་གྱུར། གཞན་ཡང་སྐུ་གཞོན་ནུའི་དུས་ནས་སྨན་མཁྱེན་བྱིའུ་བ་སོགས་ཀྱི་ལུགས་ལྟར་རི་མོའམ་འབུར་བཟོར་མཁས་པས་སྐུ་ཐང་དང་འབུར་བཟོའི་སྐུ་བརྙན་སོགས་བཟོ་རྩལ་ཁྱད་དུ་འཕགས་པའི་ཉམས་འགྱུར་ལྡན། རབ་བྱུང་བཅུ་གསུམ་པའི་ས་ཡོས (༡༧༥༩) ལོར། མན་ཆོངས་གོང་མ་ཆན་ལུང་གིས་དེ་མོ་རིན་པོ་ཆེར་འཇའ་ས་གསེར་ཡིག་དང་། དངུལ་ཐམ་གྱི་ཁ་རིས་སུ་བོད་ཀྱི་ལས་དོན་ཁུར་འཛིན་ཞྭ་སེར་བསྟན་པ་འཛིན་བྱེད་དཔལ་ལྡན་ནོ་མིན་ཧན་གྱི་ཐམ་ཀ་ཞེས་འཁོད་པ་གནང་། སྲིད་སྐྱོང་གནང་རིང་ཁྲིམས་འགལ་ལུགས་དཀྲུག་བྱེད་མིར་ནན་པོའི་ཆད་འགེལ་གྱིས་བཀག་འགོག་དང་། མཆོད་ཆས་དང་གསེར་ཀོང་བཅས་ཕུལ་བ་མ་ཟད། གསེར་ཟངས་ཀྱི་རྒྱ་ཕིབས་དང་། གཉྫི་ར། རྒྱལ་མཚན་སོགས་གསར་བཟོ་མཛད། མདོར་ན་ལོ་ཉི་ཤུ་ཙམ་རིང་སྲིད་སྐྱོང་གི་ཐུགས་འགན་བཞེས་རིང་བསྟན་སྲིད་དང་། མི་སེར་གྱི་འཚོ་ཐབས་སོགས་སྒོ་གང་སར་མཛད་རྗེས་དང་མཚན་སྙན་ཤིན་ཏུ་ཆེན་པོ་བྱུང་ཞིང་། མཐར་དགུང་གྲངས་ང་ལྔ་པ་བོད་རབ་བྱུང་བཅུ་གསུམ་པའི་མེ་བྱ (༡༧༧༧) ལོར་སྐུ་གཤེགས་སོ། །

language:
Tibetan