Skip to main content Skip to search
bdag chen blo gros rgyal mtshan
ID:
T233723
  • བདག་ཆེན་བློ་གྲོས་རྒྱལ་མཚན (Tibetan, Tibetan script, Original)
    • > bdag chen blo gros rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dak chen lodrö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་རབ་བྱུང་བདུན་པའི་ཤིང་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་༡༤༤༤ལོར་གཡས་རུ་གཙང་གི་སའི་ཐིག་ལེ་ཤབ་དགེ་སྡིངས་ཀྱི་ས་ཆ་ལྕམ་མ་མོ་གཡང་གྲོང་ཞེས་བྱ་བར་ཡབ་བདག་ཆེན་འཇམ་དབྱངས་ཆེན་པོ་དང་། ཡུམ་མ་ཅིག་དཔལ་འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་བག་ཆགས་རང་ཆས་སུ་སད་ཅིང་ཡི་གེ་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན་པ་བྱུང་། དགུང་ལོ་བདུན་པར་འཇམ་དབྱངས་དཀོན་མཆོག་བཟང་པོའི་དྲུང་དུ་ཁྱིམ་པའི་རྟགས་མཐའ་དག་གཞི་མདོའི་རྩྭ་ལྟར་དོར་ཞིང་ངུར་སྨྲིག་གི་རྒྱལ་མཚན་སོགས་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བཞེས་པའི་སྒོ་ནས་བར་མ་རབ་བྱུང་བསྒྲུབས་ཏེ་མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་གསོལ། སློབ་དཔོན་ཆེན་པོ་སངས་རྒྱས་དཔལ་གྲུབ། རྗེ་དབོན་གྲུབ་ཆེན་དཀོན་མཆོག་བློ་གྲོས་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་བསྟེན་ནས། ཚད་མ་རྣམ་འགྲེལ་དང་། སྡེ་བདུན་སྙིང་པོ་ཚད་མ་རིགས་གཏེར། ཐུབ་པའི་དགོངས་གསལ། སྡོམ་གསུམ་རབ་དབྱེ། དབུ་མ་རྩ་བ་ཤེས་རབ་ལ་སོགས་པའི་དབུ་མའི་གཞུང་ལུགས་ཅི་རིགས་པ་དང་བཅས་པ་གསན་ཏེ། ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་མཐའ་ཆོད་ཅིང་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅུ་བཞི་པར་གཞི་ཐོག་གདན་སར་ཆོས་ཀྱི་འཁོར་ལོ་སྒྱུར་བའི་རྒྱལ་ཚབ་དམ་པར་དབང་བསྐུར། དགུང་ལོ་ཉེར་གཉིས་པར་ཁམས་ཕྱོགས་སུ་བྱོན་ཏེ་ཁམས་ཀྱི་སྟོད་སྨད་བར་གསུམ་དུ་ལོ་གསུམ་རིང་གདུལ་བྱ་རྣམས་ཀྱི་དོན་རྒྱ་ཆེན་པོ་མཛད། གཞན་ཡང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དང་འབྲེལ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་གནང་བས་འགྲོ་བ་མང་པོ་སྨིན་ཅིང་གྲོལ་བར་མཛད་དེ། རྗེས་སུ་བཟུང་ཞིང་བཀའ་དྲིན་ཐོབ་པའི་ཞལ་སློབ་ཀྱང་། བཀའ་དྲིན་རྗེས་སུ་ནོས་པའི་དམ་པ་བཞི་དང་། འཛམ་གླིང་ཡོངས་སུ་གྲགས་པའི་མཁས་མཆོག་ཆེན་པོ་ལྔ། གངས་ཅན་ཆེན་པོར་གྲགས་པའི་སྐྱེས་བུ་གཉིས། གསུང་གི་གསང་བ་འཛིན་པའི་དམ་པ་བརྒྱད་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་བསྐྲུན་པར་མཛད་པ་མ་ཟད། རྩོམ་པས་གསུང་རབ་ཀྱི་པད་མོའི་ཁ་འབྱེད་པའི་ཚུལ་ཡང་། མངོན་བྱང་གི་རྒྱས་བཤད། འཁོར་འདས་དབྱེར་མེད་ཀྱི་མཐའ་དཔྱོད། བརྡ་དོན་གསལ་བའི་ཁྲིད་ཡིག ལམ་སྦས་བཤད་ཀྱི་ཁྲིད་ཀྱི་ལག་ལེན། གསུང་ངག་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་། རྗེ་སེམས་དཔའ་ཆེན་པོའི་རྣམ་ཐར་སོགས་ཆོས་ཚན་ཆེན་པོ་བཞི་བཅུ་ཞེ་གཅིག་ཙམ་བརྩམས། དེ་ལྟར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་སྒོ་ཀུན་ནས་དར་ཞིང་རྒྱས་པར་མཛད་དེ། མཐར་དགུང་གྲངས་ལྔ་བཅུ་རྩ་གཉིས་པ་བོད་རབ་བྱུང་བརྒྱད་པའི་ཤིང་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ་༡༤༩༥ལོར་སྐུ་གཤེགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རྒྱ་དཀར་བློ་གྲོས་རྒྱལ་མཚན་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། །

language:
Tibetan