Skip to main content Skip to search
mdo mkhar zhabs drung tshe ring dbang rgyal
ID:
T233942
  • མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ (Tibetan, Tibetan script, Original)
    • > mdo mkhar zhabs drung tshe ring dbang rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > do khar shyab drung tsering wanggyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་མཁར་ཞེས་པ་ནི་ཁྱིམ་རྒྱུད་ཀྱི་མིང་སྟེ། སྔར་མེས་པོའི་དུས་བྱང་སྟག་ལུང་དགོན་པའི་ཁྲི་པ་དང།ང་། དཔོན་རིགས་ཀྱིས་ཕོད་མདོ་རྫོང་དང་ལྷུན་གྲུབ་རྫོང་གཉིས་བདག་ཏུ་བཟུང་བཞིན་པའི་མུ་ནས་སྐབས་ཤིག་ཕྲ་མ་མཁན་འགའི་འཕྲུལ་ལ་བརྟེན་ནས་ཁྱིམ་ཚང་ནང་ཕན་ཚུན་མི་མཐུན་པར་རྩོད་གླེང་བྱུང་བའི་མཐར། བྱང་སྟག་ལུང་གི་དགོན་གནས་གཙུག་ལག་དང་རྫོང་གཞིས་སོགས་འཛིན་དབང་ཡོད་ཚད་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་རྩིས་བླངས་ཏེ། འདིའི་ཕ་དང་མེས་པོ་སོགས་ལ་བསྐལ་བ་ཅུང་ཟད་སྤྲད་ནས་ཟུར་འཇོག་བྱས། གཞིས་ཀྱི་མིང་ལ་མདོ་མཁར(ཕུན་ཚོགས་རབ་བརྟན)ཟེར་བ་དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་མཚོ་སྣ་རྫོང་མདོ་མཁར་ཆུས་མདོ་མཁར་ཟེར་བར་ཡོད། འདི་ཉིད་ནི་བྱང་སྟག་ལུང་དུ་ཡབ་ངག་དབང་ཚངས་པ་དང་ཡུམ་མདང་དྲུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང(༡༦༩༧)ལོར་འཁྲུངས། (རང་རྣམ《བཀའ་བློན་རྟོགས་བརྗོད》ནང་འཁྲུངས་ལོ་མེ་གླང་ཡིན་པར་གསུངས་པ་ཙམ་ལས་རབ་བྱུང་དང་ཟླ་ཚེས་མི་གསལ་ཡང་འདི་པ་ས་གནས་སྲིད་གཞུང་གི་བཀའ་བློན་གནང་བཞིན་པའི་མེ་གླང་ལོར་ཏྰཏཱཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་གཤེགས་པའི་གནས་ཚུལ་འཁོད་པ་ལ་བརྟེན་ནས་འཁྲུངས་ལོ་རབ་བྱུང་བཅུཅོ་གཉིས་པའི་མེ་གླང(༡༦༩༧)ལོ་ཡིན་པར་ར་འཕྲོད)ལོ་དྲུག་ནས་བཅུ་བཞི་བར་བོད་ཀྱི་ཡིག་རྩིས་སྙན་ངག་བཅས་སྦྱངས། ལོ་ལྔ་ནས་ལོ་གསུམ་རིང་སྨིན་གླིང་དུ་ལི་ཙྰཙཱཙཱ་བ་དྷརྨ་ཤྲིའི་དྲུང་སྙན་ངག་ལེའུ་གསུམ་དང།ང་། རྩིས་སྐོར། ཡིག་རིགས་སྣ་ཚོགས། སྒྲ་མདོ་དབྱངས་ཅན་མའི་རི་མོ་ཡོངས་རྫོགས། སྡེབ་སྦྱོར། རྙིང་མའི་ཆོས་ལུགས་བཅས་ལ་སྦྱངས། དེ་སྐབས་སྒྲ་རིག་པའི་རི་མོ་ཡོངས་རྫོགས་ཀྱི་རྒྱུགས་འཕྲོད་པའི་བྱས་རྗེས་སུ་ལོ་ཆེན་དྷརྨ་ཤྲི་ནས་ཀུན་བཤད་ཀྱི་མིང་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་གནང།ང་། རབ་བྱུང་བཅུ་གཉིས་པ་མེ་སྤྲེལ་(༡༧༡༦)ལོར་གཞིས་ཀ་རྩེའི་རྫོང་དཔོན་གྱི་ལས་འགན་བཟུང་བཞིན་པའི་སྐབས་སོག་པོ་ཇུན་གར་གྱི་དམག་སླེབས་ནས། རྒྱལ་པོ་ལྷ་བཟང་ལྷ་སར་དམག་ཐོག་ཏུ་བསད་པ་སོགས་ལ་བརྟེན་རྫོང་དཔོན་འཕོ་འགྱུར་བྱས། སྟག་རྩེ་སྡེ་སྲིད་ལྷ་རྒྱལ་རབ་བརྟན་བོད་ཀྱི་རྒྱལ་པོར་བསྐོས། དེའི་ཕྱི་ལོ་ལྕགས་རྩེ་གྲི་གུང་རྫོང་གི་རྫོང་དཔོན་གྱི་ལས་འགན་ལོ་གཉིས་བཟུང་བཞིན་བའི་སྐབས་《གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད》མགོ་བརྩམས་ནས་མཇུག་མདོ་མཁར་དུ་རྫོགས་པར་བྱས། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི(༡༧༢༠)ལོར་ཏྰཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་བོད་དུ་ཐོག་མར་གདན་དྲངས་ནས་ལོ་ངོ་གཉིས་སོང་བའི་རབ་བྱུང་གོང་གསལ་གྱི་ཆུ་སྟག་ལོ་བོད་ས་གནས་སྲིད་གཞུང་གི་དྲུང་འཁོར་གྲས་སུ་ཞུགས། ལོ་དེའི་རྗེས་མར་གོང་དཀར་རྫོང་གི་རྫོང་དཔོན་བྱེད་བཞིན་པའི་ཐོག།ག ཕོ་ལྷ་ཐའི་ཇི་བྱང་ཁུལ་དུ་གོང་མའི་བཀའ་བཞིན་བསྐྱོད་པའི་ཚབ་ཏུ་རྩིས་དཔོན་གྱི་ལས་འགན་བླངས། རབ་བྱུང་གོང་གསལ་གྱི་མེ་ལུག(༡༧༢༧)ལོ་བཀའ་བློན་ང་ཕོད་པ། སྦྱར་ར་བ། ལུམ་པ་བ་གསུམ་ཕྱོགས་གཅིག་ཏུ་བསྒྲིལ་ནས་པའི་སེ་ཁང་ཆེན་ནས་བསད་པ་སོགས་ཀྱི་རྐྱེན་ལ་བརྟེན་ནས་དབུས་གཙང་གཉིས་ཀྱི་དཔོན་རིགས་ནང་ཕན་ཚུན་མ་མཐུན་པའི་འཁྲུག་ཟིང་ལངས་ཏེ་ལོ་ཕྱེད་གསུམ་ཙམ་སོང་བའི་རབ་བྱུང་བཅུ་གཉིས་པའི་ས་བྱ(༡༧༢༩)ལོར་གོང་མའི(གཡུང་ཊིང)བཀས་མངགས་པའི་བློན་ཆེན་ཨ་ལི་ཧན་ཨམ་བན་སོགས་བོད་དུ་འབྱོར་ཏེ་བཀའ་བློན་གསུམ་སོགས་ཉེས་ཅན་ཚང་མ་ཚར་བཅད། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་བཀའ་བློན་གྱི་གོ་གནས་རང་འཇགས་ཐོག་དེའི་ལས་རོགས་སུ་ཛ་སག་ཐའི་ཇིའི་གོ་གནས་དང་སྦྲགས་བཀའ་བློན་བསྐོས། དེ་ནས་ལོ་ངོ་ཉི་ཤུ་རྩ་བཞིན་སོང་བ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ(༡༧༥༠)ལོར་ཝང་འགྱུར་མེད་རྣམ་རྒྱལ་ཨམ་བན་ཧྥུ་ཅིན་དང།ང་། ལབ་ཏུན་གཉིས་ཀྱིས་ཚར་བཅད་པའི་རྗེས་ཀྱི་ཕྱི་ལོ་དེར་བྱས་རྗེས་གཟེངས་བསྟོད་དུ་བཀའ་བློན་གྱི་གོ་གནས་རང་འཇགས་ཀྱི་བཀའ་ཤོག་དང།ང་། སླད་བོད་ཀྱི་ལས་དོན་སྐོར་དོན་ཚན་བཅུ་གསུམ་དུ་བསྡུས་པའི་རྩ་ཚིག་བཟོས་ཏེ་ཁྱབ་བསྒྲགས་བྱས(འདི་སྐོར་ཞིབ་ཕྲ་《ཏྰཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་རྣམ་ཐར》དང།ང་། 《རྡོ་རིང་པཎྡི་ཏའི་རྟོགས་བརྗོད་》གཉིས་ཀྱི་ནང་དུ་གསལ) ཏཱ་ལའི་བླ་མའི་བཀའ་དོན་ལྟར་བྱ་བ་སྒྲུབ་མཁན་གྱི་ལས་ཁུངས་ལྟ་བུར་བཀའ་ཤག་ཅེས་དྲུང་འཁོར་སྐྱ་བོའི་ཁོངས་ནས་མི་གསུམ་དང་། རྩེ་དྲུང་གྲས་ནས་གཅིག(བཀའ་བློན་བླ་མ)བཅས་བཀའ་བློན་བཞི(ས་དབང་ཞབས་པད)མགྲོན་གཉེར་བཞི(བཀའ་མགྲོན)དྲུང་ཡིག་བཞི(བཀའ་དྲུང)འགག་པ་བཞི་བཅས་ནས་ཚུགས་རྒྱུའི་ལམ་ལུགས་ཐོག་མར་བྱུང་། མདོ་མཁར་བ་འདིས་བཀའ་ཤག་མ་ཚུགས་གོང་ཕོ་ལྷ་ཐའི་ཇི་དང་མཉམ་སྦྲེལ་གྱིས་རབ་བྱུང་བཅུ་གཉིས་པའི་ས་བྱ(༡༧༢༩)ནས་རབ་བྱུང་བཅུ་གསུམ་པའི་མེ་ཡོས(༡༧༤༧)བར་ལོ་བཅུ་དགུའི་རིང་དང་། དེ་རྗེས་ཕོ་ལྷ་ཐའི་ཇི་འདས་པའི་ཚབ་ཏུ་དེའི་བུ་ཝང་འགྱུར་མེད་རྣམ་རྒྱལ་དང་མཉམ་སྦྲེལ་གྱིས་ལོ་ངོ་གསུམ། ཝང་འགྱུར་མེད་རྣམ་རྒྱལ་བསད་པའི་རྗེས་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག(༡༧༥༡)ལོ་ནས་ཆུ་རྟ(༡༧༦༢)ལོ་བར་བཅས་ཁྱོན་ལོ་ངོ་སུམ་ཅུ་སོ་བཞི་ཙམ་བཀའ་བློན་བྱས། ཁོང་ནི་དུས་རབས་བཅོ་བརྒྱད་པའི་སྐབས་བོད་ཀྱི་དཔོན་རིགས་ནང་གི་ཆབ་སྲིད་མཁས་ཅན་ཞིག་ཡིན་ལ་ལྷག་པར་སྐྱ་བོའི་ཁྲོད་ཀྱི་རྩོམ་རིག་མཁས་ཅན་ཞིག་ཀྱང་ཡིན་པས་མཚན་སྙན་ཆེན་པོ་ཡོད་ཅིང།ང་། གསུང་རྩོམ་ནི་《མི་དབང་རྟོགས་བརྗོད》དང།ང་། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》《སངས་རྒྱས་ཀྱི་འཁྲུངས་རབས་སྐད་གཉིས་ཤན་སྦྱར》ལེའུ་མང་པོ་ཡོད་པ། 《རྒྱ་གར་སྐད་དང་བོད་སྐད་གཉིས་ཤན་སྦྱར་གྱི་ཉེར་མཁོའི་བརྡའ་སྤྲོད་གསལ་བྱེད་ཀྭ་ལིའི་འཕྲེང་བར་བསྒྲིགས་པ》སོགས་ཡོད། རང་རྣམ《བཀའ་བློན་རྟོགས་བརྗོད》ཞེས་པ་དེ་རང་ལོ་རེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ(༡༧༦༢)ལོར་བརྩམས་ནས་དེའི་ཕྱི་ལོར་འདས། ཁོང་གི་བརྩམས་པ་གནང་བའི་རྩོམ་རིགས་མང་པོའི་ནང་ནས《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《མི་དབང་རྟོགས་བརྗོད》ནི་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེ་ཞིང་ཤུགས་རྐྱེན་ཆེན་པོ་ཡོད་པ་ཚབ་མཚོན་རང་བཞིན་ལྡན་པ་ཞིག་ཡིན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ནི་ཁོང་གཞོན་ནུའི་དུས་སུ་བརྩམས་གནང་བ་ཞིག་ཡིན་ཅིང།ང་། སྙན་འཇེབས་ཚིག་སྦྱོར་གྱི་ལམ་ནས་བཤད་པའི་གཏམ་རྒྱདརྒྱུད་རིང་པོ་དེ་ནི་བོད་མི་རིགས་ཀྱི་གཙུག་ལག་རྒྱ་མཚོ་ཆེན་པོའི་ནང་གི་འོད་སྟོང་འཕྲོ་བའི་གཅེས་ནོར་གྱི་གྲས་ཤིག་རེད། གཏམ་རྒྱུད་ནང་རྩོམ་པ་པོས་གསོན་ཉམས་ལྡན་པའི་གཏམ་དཔེ་མང་པོ་བཀོད་ནས་མིའི་གཟུགས་བརྙན་དང།ང་། ཡུལ་གྱི་མཛེས་ལྗོངས། བསམ་པའི་འཆར་སྒོ་སོགས་སྣེ་མང་ཕུན་སུམ་ཚོགས་པ་མངོན་སུམ་བཞིན་བྲིས་ཡོད་པ་མ་ཟད། ཚིག་སྦྱོར་དང་མངོན་བརྗོད་རྣམས་སྤྱད་དེ་སྙན་འཇེབས་དང།ང་། གོ་དོན་ཟབ་པ། བོད་མི་སྤྱི་ཡིས་གོ་བའི་ཕལ་སྐད་ཀྱི་རྨང་གཞིའི་ཐོག་ཕུན་སུམ་ཚོགས་པའི་གནའ་བོའི་བོད་ཀྱི་བརྡ་སྦྱོར་མང་དག་སྤྱད་པ་བཅས་ཀྱིས་རྩོམ་ཡིག་དེས་ཀློག་པ་པོ་ཚོའི་ཡིད་དབང་འཕྲོག་ཐུབ་བ་བྱུང་བ་མ་ཟད། ཧ་ཅང་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ཐོག་ནས་གནའ་སྔ་མོ་ནས་བོད་མི་རིགས་ལ་གཞན་དྲིང་མི་འཇོག་པའི་རྣམ་པར་བཀྲ་ལ་ཟད་མཐའ་མེད་པའི་མིང་ཚིག་ཡོད་པ་མཚོན་པས་མི་རིགས་གཞན་གྱི་སྐད་ཡིག་ཐོག་གི་དཔེ་དེབ་ཡོད་པ་རྣམས་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་ཐོག་ནས་མཚོན་མི་ཐུབ་པ་མེད་པ་ར་སྤྲོད་བྱས་ཡོད། རྩོམ་ཚུལ་ཐད་མི་སྣ་ཕན་ཚུན་གླེང་མོལ་དང།ང་། ཡུལ་གྱི་མཛེས་ལྗོངས། བྱ་བ་དོན་དོན་རྐྱེན་གང་ཞིག་ལ་འཛིན་པའི་ལྟ་བ་སོགས་ཚིགབཅད་སྙན་ངག་གི་ཐོག་ནས་བྲིས་པ་དང།ང་། བྱ་བའི་བརྒྱུད་རིམ་དང།ང་། གཟུགས་བརྙན་དུ་བཀོད་པའི་མི་སྣའི་བསམ་བློ་གཏོང་ཚུལ་སོགས་ཚིག་ལྷུག་ཐོག་བྲིས་ཡོད་པས་བཅད་ལྷུག་སྤེལ་མའི་རྩོམ་ལུགས་ཀྱི་རྣམ་པ་ལྡན་པ། གཏམ་རྒྱུད་དེ་ལང་ཚོ་ཕུན་སུམ་ཚོགས་པའི་ལུས་ལ་རྒྱན་གོས་བཟང་པོས་སྤྲས་པ་དང་འདྲ་བར་གཏམ་རྒྱུད་ཀྱི་སྲོག་སྟེ་རྩོམ་པ་པོ་རང་ཉིད་ཀྱིས་བརྗོད་བྱ་མ་ལུས་པ་སྙན་ངག་མེ་ལོང་གི་གཞུང་ཚད་མར་འཇོག་པ་མཚོན་པ། སྐབས་འཕྲལ་དགོས་མཁོར་གཞིགས་ཏེ་ཚིག་རྐང་མང་ཉུང་ཅི་རིགས་སྤྱད་པའི་ཐོག་བརྗོད་བྱའི་དོན་དང་འཚམས་པའི་རྒྱན་རྣམས་ཀྱང་མཉམ་བསྲེས་ཀྱི་སྤྱད་ནས་མངོན་པར་མཚོན། ཚིག་བཅད་རྣམས་ཚིག་རྐང་རིང་ཐུང་ཅི་རིགས་ལྡན་ཡང་ཚེག་བར་འདྲ་མཚུངས་ཀྱི་ཚིག་རྐང་བཞི་རེར་སྡེ་པ་རེ་བརྩིས་ནས་རྒྱན་ཏེ་སྟོན་པའི་སྙན་ངག་གི་རྩ་བའི་རྒྱུན་སྲོལ་གཏོར་ནས་ཚིག་རྐང་མང་ཉུང་ཅི་རིགས་རྒྱན་རྣམས་མཉམ་བསྲེས་ཀྱི་བྲིས་ཡོད་པ་དེས《སྙན་ངག་མེ་ལོང》མའི་གཞུང་དོན་གྱི་འཇུག་སྒོ་ཡངས་པར་གྱུར་པའི་ལེགས་སྐྱེས་ཕུལ་ཡོད། 《མི་དབང་རྟོགས་བརྗོད》ནི་རྩོམ་པ་པོ་དར་མའི་དུས་སུ་བྲིས་གནང་བ་ཞིག་ཡིན་(༡༧༣༣ལོར་གྲུབ) འདི་ནི་སྙིང་དོན་གསལ་ལ་ཚིག་དོན་ཤིན་ཏུ་ཟབ་པ། རྟོགས་བརྗོད་ཀྱི་བརྗོད་བྱ་བརླིང་ཞིང་ཕལ་བའི་རྒྱུན་དུ་མ་སོང་བ། སྔར་སྲོལ་བཟང་པའི་རྩོམ་རྒྱུན་གྱི་ཉམས་དང་ལྡན་པ། ནང་དོན་ལོ་རྒྱུས་ཡིན་པ་ལ་རིག་རྩོམ་གྱི་ཁྱད་ཆོས་ཀྱང་ཡོད་པ། རྩོམ་ཚུལ་ཐད་བཅད་ལྷུག་སྤེལ་མའི་སྲོལ་རྒྱུན་རྩོམ་ལུགས་ལ་བརྟེན་ནས་བརྩམས་པ་ཞིག་ཡིན། རྩོམ་རྩལ་བྱང་ཆུབ་པ་དང་རྩེར་སོན་གྱི་གནས་སུ་སླེབས་ཡོད། ཁོང་གིས་ཚིག་ལྷུག་གི་ཐོག་ནས་དོན་བརྗོད་པ་ལ་ལ་ཚིག་ཉུང་ལ་དོན་ཟབ་པ། ལ་ལ་ཕྲ་ཞིང་ཞིབ་ཚགས་པ། ཚིགས་བཅད་སྐབས་སུ་ལ་ལར་ཉམས་འགྱུར་ཕུན་སུམ་ཚོགས་པས་སྤྲས་ཤིང་གནས་ལུགས་ཀྱི་ཟབ་དོན་བཤད་པ་སོགས་ཀྱིས་ཀློག་པ་པོ་ཚོའི་ཡིད་དབང་འཕྲོག་པ་དང།ང་། 《མི་དབང་རྟོགས་བརྗོད》འདིའི་ནང་དུས་རབས་གཅིག་གི་དངོས་ཡོད་གནས་ཚུལ་གཅིག་སྡུད་ཀྱིས་མཚོན་ཡོད་ལ་སྐབས་དེ་དུས་བོད་ས་གནས་སྲིད་གཞུང་དང་གོང་མའི་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བ་ཇི་ཡིན་ཡང་བསྟན་ཐུབ་པ་བཅས་ཀྱི་ལོ་རྒྱུས་ཀྱི་ཡིག་རིགས་གཙིགས་ཆེན་པོ་ཞིག་ཡིན།

language:
Tibetan

2. Thupten Phuntsok Dictionary

མདོ་མཁར་ཞེས་པ་ནི་ཁྱིམ་རྒྱུད་ཀྱི་མིང་སྟེ། སྔར་མེས་པོའི་དུས་བྱང་སྟག་ལུང་དགོན་ཁྲི་པ་དང་། དཔོན་རིགས་ཀྱིས་ཕོད་མདོ་རྫོང་དང་ལྷུན་གྲུབ་རྫོང་གཉིས་བདག་ཏུ་བཟུང་བཞིན་པའི་མུ་ནས་སྐབས་ཤིག་ཕྲ་མ་མཁན་འགའི་འཕྲུལ་ལ་བརྟེན་ནས་ཁྱིམ་ཚང་ནང་ཕན་ཚུན་མི་མཐུན་པར་རྩོད་གླེང་བྱུང་བའི་མཐར། བྱང་སྟག་ལུང་གི་དགོན་གནས་གཙུག་ལག་ཁང་དང་རྫོང་གཞི་སོགས་འཛིན་དབང་ཡོད་ཚད་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་རྩིས་བླངས་ཏེ། འདིའི་ཕ་དང་མེས་པོ་སོགས་ལ་བསྐལ་བ་ཅུང་ཟད་སྤྲད་ནས་ཟུར་འཇོག་བྱས། གཞིས་ཀྱི་མིང་ལ་མདོ་མཁར (ཕུན་ཚོགས་རབ་བརྟན) ཟེར་བ་དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་མཚོ་སྣ་རྫོང་མདོ་ཁམས་ཆུས་མདོ་མཁར་ཟེར་བར་ཡོད། འདི་ཉིད་ནི་བྱང་སྟག་ལུང་དུ་ཡབ་ངག་དབང་ཚངས་པ་དང་ཡུམ་མདང་དྲུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང (༡༦༩༧) ལོར་འཁྲུངས། ལོ་དྲུག་ནས་བཅུ་བཞི་བར་བོད་ཀྱི་ཡིག་རྩིས་སྙན་ངག་སྦྱངས། ལོ་བཅོ་ལྔ་ནས་ལོ་གསུམ་རིང་སྨིན་གླིང་དུ་ལོ་ཙཱ་བ་དྷརྨ་ཤྲིའི་དྲུང་སྙན་ངག་ལེའུ་གསུམ་དང་། རྩིས་སྐོར། ཡིག་རིགས་སྣ་ཚོགས། སྒྲ་མདོ་དབྱངས་ཅན་མའི་རི་མོ་ཡོངས་རྫོགས། སྡེབ་སྦྱོར། རྙིང་མའི་ཆོས་ལུགས་བཅས་ལ་སྦྱངས། དེའི་སྐབས་སྒྲ་རིག་པའི་རི་མོ་ཡོངས་རྫོགས་ཀྱི་རྒྱུགས་འཕྲོད་པའི་བྱས་རྗེས་སུ་ལོ་ཆེན་དྷ་རྨ་ཤྲི་ནས་ཀུན་བཤད་ཀྱི་མིང་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་གནང་། རབ་བྱུང་བཅུ་གཉིས་པ་མེ་སྤྲེལ (༡༧༡༦) ལོར་གཞིས་ཀ་རྩེའི་ཡོང་བཞེས་སུ་བསྐྱོད། དེའི་ཕྱི་ལོ་གཞིས་རྩེའི་རྫོང་དཔོན་གྱི་ལས་འགན་བཟུང་བཞིན་པའི་སྐབས་སོག་པོ་ཇུན་གར་གྱི་དམག་སླེབས་ནས། རྒྱལ་པོ་ལྷ་བཟང་ལྷ་སར་དམག་ཐོག་ཏུ་བསད་པ་སོགས་ལ་བརྟེན་རྫོང་དཔོན་འཕོ་འགྱུར་བྱས། སྟག་རྩེ་སྡེ་སྲིད་ལྷ་རྒྱལ་རབ་བརྟན་བོད་ཀྱི་རྒྱལ་པོར་བསྐོས། དེའི་ཕྱི་ལོ་ལྕགས་རྩེ་གྲི་གུང་རྫོང་གི་རྫོང་དཔོན་གྱི་ལས་འགན་ལོ་གཉིས་བཟུང་བཞིན་པའི་སྐབས་གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་མགོ་བརྩམས་ནས་མཇུག་མདོ་མཁར་དུ་རྫོགས་པར་བྱས། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི (༡༧༢༠) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་བོད་དུ་ཐོག་མར་གདན་དྲངས་ནས་ལོ་ངོ་གཉིས་སོང་བའི་རབ་བྱུང་གོང་གསལ་གྱི་ཆུ་སྟག་ལོ་བོད་ས་གནས་སྲིད་གཞུང་གི་དྲུང་འཁོར་གྲས་སུ་ཞུགས། ང་ལུམ་སྦྱར་གསུམ་གྱི་ཟིང་འཁྲུག་སྐབས་མི་དབང་ཕོ་ལྷ་བའི་ཕྱོགས་སུ་ལངས་པས་མི་དབང་ཕོ་ལྷའི་སྐབས་ཏེ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག (༡༧༥༡) ལོ་ནས་ཆུ་རྟ (༡༧༦༢) ལོ་བར་བཅས་ཁྱོན་ལོ་ངོ་སུམ་ཅུ་སོ་བཞི་ཙམ་བཀའ་བློན་བྱས། ཁོང་ནི་དུས་རབས་བཅོ་བརྒྱད་པའི་སྐབས་བོད་ཀྱི་དཔོན་རིགས་ནང་གི་ཆབ་སྲིད་མཁས་ཅན་ཞིག་ཡིན་ལ་ལྷག་པར་སྐྱ་བོའི་ཁྲོད་ཀྱི་རྩོམ་རིག་མཁས་ཅན་ཞིག་ཀྱང་ཡིན་པས་མཚན་སྙན་ཆེན་པོ་ཡོད་ཅིང་། གསུང་རྩོམ་ནི་མི་དབང་རྟོགས་བརྗོད་》ཞེས་མི་དབང་ཕོ་ལྷའི་རྟོགས་པ་བརྗོད་པ་དང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་སོགས་ཁོང་གཞོན་ནུའི་དུས་སུ་བརྩམས་གནང་བ་ཞིག་ཡིན་ཅིང་། སྙན་འཇེབས་ཚིག་སྦྱོར་གྱི་ལམ་ནས་བཤད་པའི་གཏམ་རྒྱུད་རིང་པོ་དེ་ནི་བོད་མི་རིགས་ཀྱི་གཙུག་ལག་རྒྱ་མཚོ་ཆེན་པོའི་ནང་གི་འོད་སྟོང་འཕྲོ་བའི་གཅེས་ནོར་གྱི་གྲས་ཤིག་རེད།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ 1697 ལོར་བྱང་སྟག་ལུང་དུ་ཡབ་ངག་དབང་ཚངས་པ་དང་། ཡུམ་མདང་དྲུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 1763 ལོར་སྐུ་གཤེགས། དགུང་ལོ་དྲུག་ནས་བཅུ་བཞི་བར་བོད་ཀྱི་ཡིག་རྩིས་སྙན་ངག་བཅས་ལ་སྦྱངས་པར་མཛད། དགུང་ལོ་བཅོ་ལྔ་ནས་ལོ་གསུམ་རིང་སྨིན་གྲོལ་གླིང་དུ་ལོ་ཆེན་དྷརྨ་ཤྲཱི་ལས་སྙན་ངག་ལེའུ་གསུམ་དང་། རྩིས་སྐོར། དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་བཅས་ལ་སྦྱངས་ནས་ཀུན་བཤད་ཀྱི་མཚན་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་གསོལ། རྙིང་མའི་ཆོས་སྐོར་ཡང་མང་དུ་གསན། དགུང་ལོ་བཅུ་དགུ་པར་གཞིས་ཀ་རྩེའི་ཡོངས་བཞེས་སུ་ཕེབས། དགུང་ལོ་ཉི་ཤུ་པར་གཞིས་ཀ་རྩེའི་རྫོང་དཔོན་གྱི་ལས་འགན་བཞེས། དགུང་ལོ་ཉེར་གཅིག་པར་ལྕགས་རྩེ་གྲི་གུ་རྫོང་གི་རྫོང་དཔོན་མཛད། དགུང་ལོ་ཉེར་བཞི་པར་གོང་དཀར་རྫོང་གི་རྫོང་དཔོན་མཛད། ལོ་དེར་རྩིས་དཔོན་གྱི་ལས་འགན་བཞེས། ང་ལུམ་སྦྱར་གསུམ་ཚར་བཅད་ནས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཀའ་བློན་གྱི་གོ་གནས་བཞེས་སྐབས་དེའི་ལས་རོགས་སུ་ཛ་སག་ཐའི་ཇིའི་གོ་གནས་དང་སྦྲགས་[873]བཀའ་བློན་དུ་བསྐོས། དེ་དུས་དགུང་ལོ་སོ་གཉིས་ཡིན། དེ་ནས་ལོ་ངོ་ཉེར་བཞི་སོང་བ་ན་གོང་མས་ཝང་འགྱུར་མེད་རྣམ་རྒྱལ་གྱིས་ངོ་ལོག་བསླངས་བར་ཚར་བཅད་རྗེས། བཀའ་བློན་གོ་གནས་རང་འཇགས་ཀྱི་བཀའ་ཤོག་དང་། སླད་བོད་ཀྱི་ལས་དོན་སྐོར་དོན་ཚན་བཅུ་གསུམ་དུ་བསྡུས་པའི་རྩ་ཚིག་བཟོས་ཏེ་ཁྱབ་བསྒྲགས་མཛད། བཀའ་ཤག་ལས་ཁུངས་ཐོག་མར་བཙུགས། ཁྱོན་ལོ་ངོ་སུམ་ཅུ་སོ་བཞི་རིང་དུ་བཀའ་བློན་གྱི་ལས་འགན་བཞེས། ཁོང་གི་གསུང་རྩོམ་ནི《གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད》། 《མི་དབང་རྟོགས་བརྗོད》། 《བཀའ་བློན་རྟོགས་བརྗོད》། 《སངས་རྒྱས་ཀྱི་སྐྱེས་རབས་སྐད་གཉིས་ཤན་སྦྱར》། 《རྒྱ་གར་སྐད་དང་བོད་སྐད་གཉིས་ཤན་སྦྱར་གྱི་ཉེར་མཁོའི་བརྡ་སྤྲོད་གསལ་བྱེད་ཀཱ་ལིའི་ཕྲེང་བསྒྲིགས་པ》བཅས་བཞུགས་སོ། །

language:
Tibetan