- rdo rje 'chang blo gsal rgya mtsho
- ID:
- T234265
- རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ (Tibetan, Tibetan script, Original)
- > rdo rje 'chang blo gsal rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > dorjé chang losal gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་རབ་བྱུང་བརྒྱད་པའི་ཆུ་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ་༡༥༠༢ལོར་བྱང་ལ་སྟོད་དུ་མ་སངས་གདུང་ལས་མཆེད་པའི་ཡབ་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང་། ཡུམ་རྗེ་བོར་མཁའ་འགྲོའི་རིགས་ཅན་བོན་པོ་དབེན་རྩ་ཁ་པའི་སྲས་མོ་ཨ་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་ཡོངས་འཛིན་དམ་པ་བློ་གྲོས་རྒྱལ་མཚན་པའི་དྲུང་དུ་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་མཁན་པོ་དང་། ཆོས་རྗེ་བློ་གྲོས་རྒྱ་མཚོས་ལས་སློབ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་བློ་གསལ་རྒྱ་མཚོར་གསོལ། དེ་ནས་མི་རིང་བར་མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་བྱོན་ཏེ། གྲུབ་ཆེན་བི་རུ་པའི་ཐུགས་ཀྱི་ཉིང་བཅུད་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན་ཁོ་ནར་བསྩལ་བ་ཆུ་བོ་གཉིས་འདྲེས་ཀྱི་ཚུལ་དུ་ཐུགས་ཀྱི་བུམ་བཟང་གཏམས་པ་ལས་ཉེ་བར་འོངས་བ་སྙན་བརྒྱུད་སློབ་བཤད་ཀྱི་ཉམས་འཁྲིད་ཟབ་མོ་ལན་གྲངས་གསུམ་གྱི་བར་དུ་སྨིན་རྒྱས་སུ་གསན་པའི་ཆ་ལག་དཔལ་ཀྱེ་རྡོ་རྗེ་རྒྱུ་དུས་ཀྱི་དབང་ལམ་འབྲས་ལ་བརྟེན་པའི་བྱིན་རླབས་ཉི་ཤུ། སྒྲུབ་ཐབས་བརྒྱ་རྩ་རྒྱ་གཞུང་དང་བཅས་པ་སོགས་ཀྱི་ཁྲིད། དབང་། ལུང་། བྱིན་རླབས། མན་ངག་དང་བཅས་པ་མདོར་ན་རྗེ་བཙུན་ཉིད་ལ་མངའ་བའི་ཟབ་ཆོས་རྣམས་ལྷག་མ་མ་ལུས་པ་གསན། དགུང་ལོ་སོ་གཅིག་པར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་གྲགས་པ་རྒྱལ་མཚན་སོགས་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པར་བཞེས། དགུང་ལོ་སོ་བརྒྱད་ཀྱི་བར་དུ་ཕལ་ཆེར་ཐུབ་བསྟན་དགེ་འཕེལ་དུ་སྟན་ཆགས་ཤིང་། སྐྱ་སེར་འགྲོ་བ་མཐའ་ཀླས་པའི་འདོད་པ་སྐོང་བཞིན་པ་ངང་ནས་ལྷ་སྔགས་ཡེ་ཤེས་ཀྱི་ཐུགས་དམ་ཟབ་མོའི་ངང་ནས་དབང་ལུང་ཁྲིད་མན་ངག་གིས་སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་། གཞན་ཡང་འབྲས་ཡུལ་སྐྱེད་ཚལ། ཁྲོ་ཕུ། དཔལ་ཨེ་ཝཾ་ཆོས་ལྡན། ཞྭ་ལུ། བོ་དོང་། ཐར་དགོན། ཁའུ་བྲག་རྫོང་སོགས་སུ་གནས་མཇལ་དང་ཆོས་འབྲེལ་ཆོས་སྐོར་ཅི་རིགས་མཛད། དགུང་ལོ་ང་བཞི་པ་ཤིང་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ་༡༥༥༥ལོར་དཔལ་ཞྭ་ལུ་གསེར་བཀང་གི་ཆོས་གྲྭ་ཆེན་པོ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བུ་སྟོན་རིན་པོ་ཆེའི་ཁྲིར་ཕེབས་ཏེ་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཏེ། འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་རྒྱུད་སྡེ་རྣམ་བཞིའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཞིང་། མཁན་ཆེན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་དང་། མེ་ཏྲི་བྱམས་པ་དོན་འགྲུབ། མཁན་ཆེན་གཞོན་ནུ་བློ་གྲོས་སོགས་མཁས་ཤིང་གྲུབ་པའི་སློབ་ཚོགས་དུ་མ་བསྐྱངས། རྩོམ་པའི་ལེགས་བཤད་ལ། ཨོ་རྒྱན་ཆོས་ཀྱི་གཙོས་འདྲེན་མཆོག་འགའ་ལ་བསྟོད་པའི་ཚིགས་ལེའུར་བྱས་པ། སོ་ཐར་སྡོམ་རྒྱུན། གསུང་ངག་སློབ་བཤད། ནི་གུ་ཆོས་དྲུག་སོགས་ཕྱི་ནང་གསང་གསུམ་གྱི་ཁྲིད་ཀྱི་སྐོར་དང་། དཔལ་མགོན་ཞལ་བཞི་པ། རྗེ་བཙུན་མ་ཀུ་རུ་ཀུ་ལླེ་སོགས་ཡི་དམ་ཆོས་སྐྱོང་སོ་སོ་ལ་བསྟོད་པ། སློབ་དཔོན་བསོད་ནམས་རྩེ་མོ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་གསུམ་གྱི་རྣམ་ཐར། རྗེ་ཉིད་དབུས་སུ་ཕེབས་པའི་ལམ་ཡིད་སོགས་ལོ་རྒྱུས་ཀྱི་སྐོར་དང་། གཞན་ཡང་གསུང་མགུར། ཆབ་ཤོག་སོགས་གསུང་འབུམ་མཆོག་གསུམ་དམ་པའི་གྲངས་སུ་རྗེས་འཇུག་གདུལ་བྱའི་གསོས་སུ་བཞག་ཅིང་། མཐར་དགུང་གྲངས་དྲུག་ཅུ་རྩ་ལྔ་པ་བོད་རབ་བྱུང་དགུ་པའི་མེ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ་༡༥༦༦ལོར་སྐུ་གཤེགས།
- language:
- Tibetan