Skip to main content Skip to search
nang gi bu ga bcu gsum
ID:
T234831
  • ནང་གི་བུ་ག་བཅུ་གསུམ (Tibetan, Tibetan script, Original)
    • > nang gi bu ga bcu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nang gi buga chusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལུས་ཀྱི་ནང་ན་གནས་པའི་སྲོག་དང་ཟུངས་སོགས་རྒྱུ་བའི་བུ་ག་ཚོ་ཆེ་བ་བཅུ་གསུམ་འདྲེན་པ་ལ་མཁས་པའི་བཞེད་ཚུལ་མི་འདྲ་ཙམ་མཆིས་པས་བློ་དང་ལྡན་པ་དག་གི་ཤེས་པར་བྱ་བའི་ཆེད་དུ་ཕྱོགས་བསྡུས་སུ་བཀོད་ན། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་རང་འགྲེལ་ལས། སྲོག་གི་རླུང་ལ་སོགས་པ་རྒྱུ་བའི་རྩའི་རྒྱུན་བཅུ་གསུམ་ཁོང་པའི་ནང་དུ་རྒྱུ་བ་ཡོད་དོ། །དེ་ཡང་སྲོག་ཅེས་བྱ་བ་ནི་རླུང་རྒྱུ་བའི་རྒྱུན་སྲང་དང་། དེ་བཞིན་དུ་དྭངས་མ་ལ་སོགས་པ་ལུས་ཀྱི་ཁམས་བདུན་རྒྱུ་བའི་རྒྱུན་སྲང་དང་། དྲི་མ་རྣམ་གསུམ་གཅིན་དང་། རྩ་དང་། རྔུལ་འབྱུང་བའི་རྒྱུན་སྲང་དང་། སྐོམ་རྒྱུ་བའི་རྒྱུན་སྲང་དང་བཅུ་གསུམ་མོ། །ཞེས་གསུངས་པ་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་ལས། སྲོག་ཆེན་པོའི་རླུང་རྒྱུ་བའི་བུ་ག་རྩ་དབུ་མ་ཡན་ལག་དང་བཅས་པ་ད་ང། ཟུངས་རྒྱུ་བའི་བུ་ག་བདུན་ལས་དང་པོ་ཕོ་བ་ནས་མཆིན་པའི་བར་དུ་ཁ་ཟས་ཀྱི་དྭངས་མ་རྒྱུ་བའི་བུ་ག ཁྲག་ནས་ཚིལ་བུའི་བར་དུ་ཤ་རྒྱུ་བའི་བུ་ག་རྣམས་དང་། ཤ་ནས་རུས་པའི་བར་དུ་ཚིལ་རྒྱུ་བའི་བུ་ག་རྣམས་དང་། ཚིལ་ནས་རྐང་མར་གྱི་བར་དུ་རུས་པ་རྒྱུ་བའི་བུ་ག་རྣམས་དང་། རུས་པ་ནས་ཁུ་བ་དཀར་དམར་གྱི་བར་དུ་རྐང་མར་རྒྱུ་བའི་བུ་ག་རྣམས་དང་། རྐང་མར་ནས་བསམ་སེའུའི་བར་དུ་ཁུ་བ་དཀར་དམར་རྒྱུ་བའི་བུ་ག་རྣམས་ཏེ་བདུན་དང་། རགས་པའི་དབང་དུ་བྱས་ན་བཤང་བ་རྒྱུ་བའི་ལམ་ཕོ་བ་ནས་གཞང་ནག་པོའི་བར་དང་། གཅིན་རྒྱུ་བའི་ལམ་ཕོ་བ་ནས་ཆུ་སོ་ལ་ཐུག་པའི་བར་དང་། རྔུལ་རྒྱུ་བའི་བུ་ག་བ་སྤུའི་བུ་ག་རྣམས་ཏེ་དྲི་མའི་རྒྱུན་སྲང་གསུམ་དང་། ནམ་ཚོང་ལ་ཆ་ཤས་གཉིས་སུ་ཕྱེ་བའི་ཆུ་དང་ཟས་རྒྱུ་བའི་བུ་ག་སྟེ་རྒྱུན་སྲང་བཅུ་གསུམ་དུ་གནས་པ་ཡིན་ནོ། །ཞེས་གསུངས་པ་དང་། བཻ་སྔོན་དང་། རྒྱུད་བཞིའི་བརྡ་བཀྲོལ་སུ་ཞལ་ལུང་དང་མཐུན་པར་གསུངས། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། སྲོག་གནས་པའི་རྟེན་ཏེ་དྭངས་མའི་རླུང་རྒྱུ་བའི་བུ་ག་ཕྲ་རགས་ཀུན་གཅིག་ཏུ་འདྲེན་པ་གཅིག་དང་། ཁ་ཟས་ཀྱི་དྭངས་མ་ནས་ཁུ་བའི་བར་ཟུངས་རང་རང་རྒྱུ་བའི་བུ་ག་བདུན། དྲི་མ་བཤང་བ་རྒྱུ་བའི་བུ་ག་ཕོ་བ་ནས་གཞང་ནག་པོའི་བར་དང་། གཅིན་རྒྱུ་བའི་བུ་ག་མཁལ་མ་ནས་ལྒང་པའི་བར། རྔུལ་རྒྱུ་བའི་བུ་ག་རྩ་སྦུབས་ཕྲ་མོ་ནས་བ་སྤུའི་ཁུང་བུའི་བར་ཏེ་དྲི་མ་རྒྱུ་བའི་བུ་ག་གསུམ། ནམ་ཚོང་ལ་ཆ་ཤས་གཉིས་སུ་ཕྱེ་བས་ཟས་རྒྱུ་བའི་བུ་ག་མིད་པ་དང་། ཆུ་ཁམས་ཀྱི་སྙིགས་མ་ལུད་པ་ཙམ་ཕྱིར་རྒྱུ་བའི་བུ་ག་ཨོལ་ཀྲོང་བཅས་ཏེ་བཅུ་གསུམ་མོ། །ཞེས་པས་དཔྱད་པར་བྱའོ། །

language:
Tibetan