- sne'u zur pa ye shes 'bar
- ID:
- T235614
- སྣེའུ་ཟུར་པ་ཡེ་ཤེས་འབར (Tibetan, Tibetan script, Original)
- > sne'u zur pa ye shes 'bar (Tibetan, Latin script, Transliteration-THL Extended Wylie Transliteration)
- > né'u zurpa yeshe bar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་དགོན་པ་བའི་བུ་ཆེན་ཡིན་ཞིང་། རབ་བྱུང་དང་པོའི་ཆུ་རྟ་(༡༠༤༢)ལོར་སྐོར་ཐོད་པ་ཞེས་བྱ་བར་སྐུ་འཁྲུངས། གཞོན་ནུ་ནས་བྲག་རྒྱབ་པའི་བཙུན་པ་བྱས། མཚན་ཡེ་ཤེས་འབར་ཞེས་གསོལ། དེ་དུས་རང་ནས་སྐྱེ་བ་ཐོབ་པའི་ཏིང་ངེ་འཛིན་ལེགས་པར་འཁྲུངས། དགུང་ལོ་གཉིས་ཤུ་རྩ་དྲུག་ལ་ཕེབས་སྐབས་རྭ་སྒྲེང་དུ་དགོན་པ་བ་མཇལ་དུ་བྱོན། དང་པོ་ཁ་འབར་མའི་གཏོར་མ་ཞིག་བསླབས་ནས་ང་ཡང་ཇོ་བོ་དང་མཇལ་བའི་དུས་སུ་དང་པོར་འདི་གནང་བ་ཡིན་གསུངས། ཇོ་བོའི་གདམས་པ་སྣ་ཚང་བ་ཐུགས་ལ་བཏགས། ལན་གཅིག་ཕྱག་སོར་གསུམ་གྱིས་མགོ་ལ་བྱིན་རླབས་མཛད་པས་དབུ་ལ་ཕྱག་སོར་གསུམ་པོ་ཐིམ་པའི་ཤུལ་སྐྱོང་ལོག་གེ་བ་ཇི་སྲིད་འཚོའི་བར་དུ་ཡོད། །ཡི་དམ་དུ་རྗེ་བཙུན་མི་གཡོ་བ་གནང་ནས་དེའི་སྙན་པ་མང་དུ་མཛད་པས་ཞལ་ཡང་ལེགས་པར་གཟིགས། དེར་མ་ཟད་དགོན་པ་བའི་གདམས་པ་ལ་བརྟེན་ནས་དམ་ཚིག་གསུམ་གྱི་རྒྱལ་པོའི་གདམས་པ་མཛད་པས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས། དགོན་པ་བ་གཤེགས་ནས་པོ་ཏོ་བ་ལ་བསྟེན། པོ་ཏོ་བས་གྲྭ་པ་མང་པོ་སྐྱོང་ཞིང་སྟག་ལུང་དུ་བཞུག་པའི་ཚེ་དགེ་ལོང་བཅུ་ལྷག་ཙམ་ལ་ཀླུའི་ནད་བྱུང་བ་ཁྱོད་ཀྱིས་གསོས་གསུངས་པ་སྣེའུ་ཟུར་པས་ལེགས་པར་བཅོས། ཕྱིས་སྣེའུ་ཟུར་དུ་དགོན་པ་མཛད་དེ་བཞུགས་པ་ན་དད་པ་ཅན་མང་དུ་ལྷགས། ཚ་རོང་གི་ཇོ་བསྟན་ནག་པོ་དང་། ཀྭ་བ་དར་སེང་ལ་སོགས་པའི་འདུལ་བ་འཛིན་ཆེན་པོ་མང་པོས་ཀྱང་ཞབས་ལ་གཏུགས། ཏིང་ངེ་འཛིན་ཤིན་ཏུ་བརྟན་པས་རྗེ་བཙུན་མི་ལ་དང་ཡང་མཚན་ཐོས་པའི་གྲོགས་པོ་ཡིན་ཟེར། མི་མང་པོ་ལམ་གྱི་རིམ་པས་ཁྲིད་པས་ཀྱང་བསྐྱར་དུ་བཏུབ་པར་བྱུང་། ལམ་རིམ་གྱི་དབུ་ནི་འཁོར་བ་འཇུག་ལྡོག་ནས་མཛད། བསྟན་པའི་རིམ་པ་རྒྱས་པར་གསུངས་པ་ལ་སློབ་མས་ཟིན་བནརིས་བྱས་པ་ཡང་མང་དུ་ཡོད། དགེ་བའི་བཤེས་གཤེན་ཆེན་པོ་རིན་ཆེན་སྒང་པ། གཙང་སྟོད་སྔ་ཕྱི་གཉིས། གཉལ་པ་མི། བུར་པ་ཡུལ་སྨན། དཔས་སྟོན་ཆུང་། མངའ་གསལ་ལྡན། མངའ་རིས་པ་བྱང་ཆུབ་དགེ་མཛེས། གཙང་རོང་པ་སྣུབས་སྒོམ་ལ་སོགས་པའི་ཚོགས་པ་སྟོང་ཕྲག་རེ་ཙམ་འདུས། མཐར་དགུང་ལོ་བདུན་བཅུ་རྩ་བདུན་པ་རབ་བྱུང་གཉིས་པའི་ས་ཁྱི་(༡༡༡༨)ལོར་སྐུ་གཤེགས། དགེ་བའི་བཤེས་གཉེན་ཆེན་པོ་འདི་དང་སྤྱན་སྔ་ནས་བརྒྱུད་པ་རྣམས་ལ་གདམས་ངག་པ་ཞེས་གྲགས་སོ། །
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་དགོན་པ་བའི་བུ་ཆེན་ཡིན་ཞིང་། རབ་བྱུང་དང་པོའི་ཆུ་རྟ (༡༠༤༢) ལོར་སྐོར་ཐོད་པ་ཞེས་བྱ་བར་སྐུ་འཁྲུངས། གཞོན་ནུ་ནས་བྲག་རྒྱབ་པའི་བཙུན་པ་བྱས། མཚན་ཡེ་ཤེས་འབར་ཞེས་གསོལ། དེ་དུས་རང་ནས་སྐྱེ་བས་ཐོབ་པའི་ཏིང་ངེ་འཛིན་ལེགས་པར་འཁྲུངས། མཐར་དགུང་ལོ་བདུན་ཅུ་རྩ་བདུན་པ་རབ་བྱུང་གཉིས་པའི་ས་ཁྱི (༡༡༡༨) ལོར་སྐུ་གཤེགས། དགེ་བའི་བཤེས་གཉེན་ཆེན་པོ་འདི་དང་སྤྱན་སྔ་ནས་བརྒྱུད་པ་རྣམས་ལ་གདམས་ངག་པ་ཞེས་གྲགས་སོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དང་པོའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1042 ལོར་ཡུལ་སྐོར་ཐོད་པ་ལ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1118 ལོར་སྐུ་གཤེགས། ཁོང་གཞོན་ནུ་དུས་ནས་བྲག་རྒྱབ་[952]པའི་བཙུན་པ་མཛད་ནས་རབ་ཏུ་བྱུང་བའི་མཚན་ལ་ཡེ་ཤེས་འབར་ཞེས་གསོལ། འདུལ་བ་ལ་སོགས་པའི་ཆོས་སྐོར་རྣམས་ལ་གསན་པར་མཛད། དེ་དུས་རང་བྱུང་གི་ཏིང་ངེ་འཛིན་ལེགས་པར་འཁྲུངས། དགུང་ལོ་ཉི་ཤུ་རྩ་དྲུག་པ་རབ་བྱུང་དང་པོའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1067 ལོར་རྭ་སྒྲེང་དུ་བྱོན་ཏེ་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་དང་མཇལ་ཞིང་དབང་དང་གདམས་ངག་མ་ལུས་པ་ཐོབ་ནས་སྒྲུབ་པ་ཉམས་ལེན་མཛད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས། དེ་ནས་པོ་ཏོ་བ་རིན་ཆེན་གསལ་ལ་བསྟེན་ཏེ་བཀའ་གདམས་པའི་ཆོས་སྐོར་ཐམས་ཅད་ཞུས་པ་དང་། མཛེ་ནད་ལ་སོགས་པའི་ནད་ཡམས་ཐམས་ཅད་ལེགས་པར་བཅོས་ཏེ་འགྲོ་བའི་དོན་ཆེན་པོ་མཛད། དུས་ཕྱིས་སུ་སྣེའུ་ཟུར་དུ་དགོན་པ་གསར་འདེབས་མཛད་ཅིང་ཕྱོགས་སོ་སོའི་གྲྭ་པ་སྟོང་ཕྲག་གཅིག་ལྷག་ཙམ་འདུས་ཏེ་ལམ་རིམ་དང་བསྟན་རིམ་ལ་སོགས་པ་ཁྲིད་དེ་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། སློབ་མའི་ཚོགས་ལས་གྲགས་ཆེ་བ་ནི་དགྱེར་སྒོམ་ཆེན་པོ་གཞོན་ནུ་གྲགས་པ་དང་། དབོན་སྟོན་གཞོན་ནུ་འབྱུང་གནས། དབས་སྟོན་ཆུང་། མངའ་གསལ་ལྡན། དུམ་བུ་རི་པ་ཟླ་བ་རྒྱལ་མཚན། མངའ་རིས་པ་བྱང་ཆུབ་དགེ་མཛེས། གཙང་རོང་པ་སྣུབས་སྒོམ། ཝར་པདྨ། མལ་གྲོ་བཀྲ་ཤིས་སྒང་བ། ཚུལ་ཁྲིམས་འོད་ཟེར། སྤྱི་བོ་ལྷས་པ། ཚ་རོང་གི་ཇོ་སྟན་ནག་པོ། ཀ་བ་དར་སེང་བཅས་ཡིན། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་དོན་བདུན་པར་དགོངས་པ་ཆོས་དབྱིངས་[953]སུ་གཤེགས། ཁོང་ནི་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་གྱི་བུ་ཆེན་བཞིའི་ཡ་གྱལ་ཡིན་ནོ། །
- language:
- Tibetan