Skip to main content Skip to search
paN chen bzang po bkra shis
ID:
T235711
  • པཎ་ཆེན་བཟང་པོ་བཀྲ་ཤིས (Tibetan, Tibetan script, Original)
    • > paN chen bzang po bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > penchen zangpo tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལ་སྟོད་བྱང་དུ་རབ་བྱུང་བདུན་པའི་ལྕགས་སྟག(༡༤༡༠)ལོར་སྐུ་བལྟམས། སྐུ་གཞོན་དུས་རྗེ་ཤེས་རབ་སེང་གེ་དང་། རྒྱལ་དབང་དགེ་འདུན་གྲུབ་པ། རྗེ་བློ་གྲོས་ཆེས་སྐྱོང་སོགས་ལ་བསྟེན་ནས་མདོ་རྒྱུད་རིག་གནས་ཟབ་མོ་ལ་མཁས་པར་སྦྱངས། དགུང་ལོ་ཞེ་གསུམ་པ་ལ་གཉན་ཡོད་བྱར་ཤོངས་དགོན་གྱི་ཁྲིར་ཕེབས། ལོ་བདུན་རིང་འཆད་ཉན་མཛད། དགུང་ལོ་ཞེ་དགུ་པ་ལ་ངམ་རིང་དགོན་གྱི་དབུ་མཛད་དང་། དཔལ་ཡ་ག་ཆོས་སྡིངས་ཀྱི་བཤད་གྲྭ་མཛད། དགུང་ལོ་རེ་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་རྟ(༡༤༧༤)ལོར་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་གཉིས་པར་ཕེབས་ནས་བསྟན་པའི་མཛད་འཕྲིན་སྤེལ། དེའི་སྐབས་གངས་ཅན་ཆོས་འཕེལ་དགོན་ཕྱག་བཏབ། སྤྱིར་ན་རྗེ་འདི་ཉིད་ཀྱིས་རྗེ་ཤེས་རབ་སེང་གེ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། ཆོས་རྗེ་བློ་གྲོས་ཆོས་སྐྱོང་། དྭགས་པོ་ཀུན་བཀྲས་པ། བླ་མ་ཙནྡན་པ། ཆོས་རྗེ་ཚུལ་རྒྱལ་བ། འཕགས་པ་འོད་པ་ལ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་དམ་ཆོས་མང་དུ་གསན། ས་དགེ་རྙིང་གསུམ་གྱི་གསང་སྔགས་ལ་མཁྱེན་པ་ཆེ། གསུང་རྩོམ་ཡང《སྡོམ་པ་ཉི་ཤུ་ཊཱིཀྐ》《གྲུབ་མཐའི་རྣམ་གཞག》《ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྒོ་ནས་ཁྲིད་པའི་རིམ་པ་ཡིད་ཆེས་གསུམ་ལྡན》《གུར་མགོན་འཁོར་བཅས་ཀྱི་མངོན་རྟོགས》སོགས་སྒྲུབ་ཐབས་དང་། གདམས་པའི་སྐོར་ལ་རབ་ཏུ་བྱེད་པ་བརྒྱ་ལྷག་ཙམ་གྱི་བསྟན་བཅོས་ཀྱང་མཛད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་སྐུ་གདུང་ལ་གངུལ་གྱི་གདུང་རིན་པོ་ཆེའི་རྒྱན་སྤྲས་པ་ཞིག་བཞེངས། མཐར་དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་ཁྱི(༡༤༧༨)ལོར་ དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

ལ་སྟོད་བྱང་དུ་རབ་བྱུང་བདུན་པའི་ལྕགས་སྟག (༡༤༡༠) ལོར་སྐུ་བལྟམས། སྐུ་གཞོན་དུས་རྗེ་ཤེས་རབ་སེང་གེ་དང་། རྒྱལ་དབང་དགེ་འདུན་གྲུབ་པ། རྗེ་བློ་གྲོས་ཆོས་སྐྱོང་སོགས་ལ་བསྟེན་ནས་མདོ་རྒྱུད་རིག་གནས་ཟབ་མོ་ལ་མཁས་པར་སྦྱངས། དགུང་ལོ་ཞེ་གསུམ་པ་ལ་གཉན་ཡོད་བྱར་ཤོངས་དགོན་གྱི་ཁྲིར་ཕེབས། ལོ་བདུན་རིང་འཆད་ཉན་མཛད། གསུང་རྩོམ་ཡང་སྡོམ་པ་ཉི་ཤུ་པའི་ཊཱིཀྐ གྲུབ་མཐའི་རྣམ་གཞག ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྒོ་ནས་ཁྲིད་པའི་རིམ་པ་ཡིད་ཆེས་གསུམ་ལྡན། གུར་མགོན་འཁོར་བཅས་ཀྱི་མངོན་རྟོགས་སོགས་སྒྲུབ་ཐབས་དང་། གདམས་པའི་སྐོར་ལ་རབ་ཏུ་བྱེད་པ་བརྒྱ་ལྷག་ཙམ་གྱི་བསྟན་བཅོས་ཀྱང་མཛད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་སྐུ་གདུང་ལ་དངུལ་གྱི་གདུང་རིན་པོ་ཆེའི་རྒྱན་སྤྲས་པ་ཞིག་བཞེངས། མཐར་དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་ཁྱི (༡༤༧༨) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1410 ལོར་ལ་སྟོད་བྱང་དུ་ཡབ་མེས་སྔགས་པའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1478 ལོར་སྐུ་གཤེགས། ཁོང་གིས་རྗེ་ཤེས་རབ་སེང་གེ་དང་། རྒྱལ་བ་དགེ་འདུན་གྲུབ་པ། འདུལ་འཛིན་བློ་གྲོས་སྦས་པ། ཆོས་རྗེ་བློ་གྲོས་ཆོས་སྐྱོང་། དྭགས་པོ་ཀུན་བཀྲས་པ། ཆོས་རྗེ་ཚུལ་ཁྲིམས་རྒྱལ་བ། འཕགས་འོད་པ་བཅས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་གདམས་ངག་མང་དུ་གསན། ས་དགེ་རྙིང་གསུམ་གྱི་གསང་སྔགས་ལ་མི་མཁྱེན་པ་མེད་དོ། གངས་ཅན་ཆོས་འཕེལ་གྱི་དགོན་པ་བཏབ་ཅིང་འཆད་མཉན་ལེགས་པར་སྤེལ། དགུང་ལོ་རེ་བདུན་པར་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས། རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་གདུང་ཞལ་ཆེམས་དང་མཐུན་པར་དངུལ་གྱི་གདུང་ཁང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ངོ་མཚར་བ་ཞིག་བཞེངས་ཏེ་སྒྲོལ་དཀར་ལྷ་ཁང་གི་སྟེང་དུ་མཆོད་ཁང་ལོགས་སུ་གསར་བཞེངས་མཛད། ཁོང་ནི་བཀྲ་ཤིས་ལྷུན་པོའི་ཁྲི་པ་གཉིས་པ་ཡིན། ཁོང་གི་གསུང་རྩོམ་ནི་སྒྲུབ་ཐབས་དང་། གདམས་པའི་སྐོར་ལ་རབ་ཏུ་བྱེད་བ་བརྒྱ་ལྷག་ཙམ་གྱི་བསྟན་བཅོས་བཅས་བརྩམས་གནང་མཛད་ཡོད། །

language:
Tibetan