- spur rgyal btsan po'i bang so
- ID:
- T236237
- སྤུར་རྒྱལ་བཙན་པོའི་བང་སོ (Tibetan, Tibetan script, Original)
- > spur rgyal btsan po'i bang so (Tibetan, Latin script, Transliteration-THL Extended Wylie Transliteration)
- > pur gyal tsenpö bang so (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྤུར་རྒྱལ་བཙན་པོའི་བང་སོ་ཞེས་པ་འདི་ནི་བོད་ཀྱིབཙན་པོའི་དུས་སྐབས་སུ་བཏབ་པའི་ཆོས་རྒྱལ་གྱི་བང་སོ་སྟེ་བོད་ལྗོངས་ལྷོ་ཁ་འཕྱོངས་རྒྱས་རྫོང་ཁོངས་མུ་ར་རིའི་འདབསམསུ་བཏབ་ཡོད། ཆོས་རྒྱལ་བང་སོར་བང་སོ་ཇི་ཙམ་ཡོད་མེད་སྐོར་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་《རྒྱལ་རབས་གསལ་བའི་མེ་ལོང་》གཉིས་ལྟར་ན་ས་དེར་བང་སོ་ཉི་ཤུ་རྩ་གཅིག་ཙམ་ཡོད་འདུག་ཀྱང། ད་ཆ་དེ་ལྟ་བུའི་མང་པོ་མཐོང་རྒྱུ་མེད་པ་ནི་ལ་ལ་དམག་འཁྲུག་དང་དུས་ཟིང་ནང་གཏོར་བརླག་སོང་བའམ། ཡང་ན་ལ་ལར་ཆར་ཆུས་འཇིག་པ་གང་རུང་བྱུང་བར་ངེས། ཡང་སྙིང་བང་སོ་ཁ་གྲངས་ཇི་ཙམ་ཡོད་མེད་ནི་མཁས་དབང་རྣམས་ཀྱིས་རྟོག་ཞིབ་གནང་གཞིར་གྱུར། ད་ཆ་བང་སོའི་འདབས་སུ་བང་སོ་བརྒྱད་དགུ་ཙམ་ཞིག་དངོས་སུ་མཐོང་རྒྱུ་ཡོད་ཀྱང་བང་སོ་དེ་དག་གི་ནང་དུ་བཙན་པོ་སུ་དང་སུ་བཞུགས་ཡོད་མེད་ཐད་ལ་ཡང་ཡོངས་སུ་གཏན་འཁེལ་བའི་ཚིག་ཐག་གཅོད་པར་དཀའ། འོན་ཀྱང་སྲོང་བཙན་སྒམ་པོ་དང། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་བཅས་ཀྱི་བང་སོ་ངོས་འཛིན་རྒྱུའི་ཐད་ཕལ་ཆེ་བ་གཅིག་མཐུན་ཡིན། ད་ཡོད་ཀྱི་བང་སོ་རྣམས་ནི་ས་རྡོས་བརྩིགས་པའི་ཐོག་ལེབ་མོ་ཤ་སྟག་རེད། བང་སོའི་ཞིག་ཁ་ནས་གྱང་ཤུལ་བང་་རིམ་གསལ་པོ་མཐོང་རྒྱུ་འདུག་པས་གྱང་ལྟར་རེའི་དབར་ལ་མཐོ་ཚད་ལིའི་རྨིས་བཅོ་ལྔ་ནས་ཉི་ཤུ་བར་ཟིན། དང་ཐོག་བང་སོ་དེ་དག་སྟེང་དབྱིབས་གྲུ་བཞི་ཡིན་སྲིད་ཀྱང་དུས་ཡུན་རིང་པོའི་ནང་ཆར་ཆུས་བཤལ་བའི་དབང་གིས་ད་ཆ་བང་སོའི་སྟེང་ཐོག་རྣམས་དབྱིབས་སྒོར་མོ་ཡིན། མུ་ར་རིའི་རི་སྐེད་མཚམས་སུ་བང་སོ་ཞིག་ཡོད་པ་དེ་ནི། ཁྲི་ལྡེ་བཙག་བརྟན་མེས་ཨག་ཚོམ་གྱི་བང་སོ་ཡིན་པར་གྲགས། བང་སོ་དེའི་གཡས་གཤམ་གྱི་ཞིང་ཁའི་ནང་་འགྲམ་དུ་རྡོ་རིང་བཙུགས་པའི་བང་སོ་ཆེ་བ་ཞིག་ཡོད་པ་དེ་ནི་མངའ་བདག་ཁྲི་རལ་པ་ཅན་གྱི་བང་སོ་ཡིན་སྐད་ཀྱང། ཡང་དག་མེན་ཐད་ཞིབ་དཔྱོད་གནང་དགོས་པ་ཡོད། ཁྲི་སྲོང་ལྡེ་བཙན་གྱི་བང་སོ་ནི་མུ། རིའི་ཤར་ངོས་རིཟུར་དུ་བཏབ་ཡོད། ལོ་རྒྱུས་ཀྱི་དེབ་ཐེར་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ང་དྲུག་ཤིང་མོ་གླང་གི་ལོ་ལ་ཟུར་མཁར་དུ་གཤེགས། དེ་ཡི་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་ཡོད། །དེ་ནི་མ་གྲོངས་དུས་ནས་ཉིད་ཀྱིས་བརྩིགས་། །མིང་ནི་འཕྲུལ་རི་གཙུག་སྣང་བྱ་བ་བཏགས། །དེ་ཡི་རྩ་ན་རྡོ་རིང་ཀྱང་ཡོད་ལ། བང་སོ་ཕྱི་རྒྱན་ཅན་དུ་གྲགས་པར་གྱུར་ཞེས་འཁོད་ཡོད། ཆོས་རྒྱལ་ཁྲི་སྲོང་སྒམ་པོའི་བང་སོ་ནི་བང་སོ་དང་པོའི་གཡས་ངོས་རི་གཤམ་གྱི་ཆུ་བོའི་འགྲམ་དུ་ཡོད་ཅིང། དེ་ཡང་མཐའ་ལྕགས་རིས་བསྐོར་བའི་ནང་བང་སོའི་སྒོ་ནུབ་ཏུ་གཏད་པ་ལ་གྱང་རིམ་པ་གཉིས་ཀྱིས་བསྐོར་ཞིང། ནང་དུ་རྡོ་རྩིག་ཉིས་བསྐོར་ཅན་སྟེང་ཐོག་ཕུབ་པ་དེའི་སྟེང་ལྷ་ཁང་དམར་པོ་སྒོ་ཤར་དུ་གཏད་པ། ད་ཡོད་ལྷ་ཁང་མདོ་སྦྲུག་གཉིས་ལ་རྒྱ་ཁྱོན་ཀ་དྲུག་གི་ས། ནང་རྟེན་དུ་རྒྱ་བ་བྱམས་པ་འཁོར་དུ་ཕྱག་གཡས་ནས་བརྩིས་འཕགས་པ་ལོ་ཀེ་ཤྭ་ར། མར་མེ་མཛད། རྒྱལ་བ་ཚེ་དཔག་མེད། ཕྱག་རྡོར་བཅས་དང། ཕྱག་གཡོན་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང། ཤྰཀྱ་ཐུབ་པ། གུ་རུ་སྣང་སྲིད། རྟ་མགྲིན་དཔའ་འཇིགས་དང། མདོ་རུ་ཆོས་རྒྱལ་སྲོང་བཙན་སྒམ་པོ། གཡས་སུ་རྒྱ་བཟའ། བློན་པོ་མགར་བ་སྟོང་བཙན། གཡོན་དུ་བལ་གཟའ་དང་། ཐོན་མི་སམ་བྷོ་ཊ་སོགས་རྟེན་མང་དུ་བཞུགས་ལ། ད་དུང་སྐྱ་ལྡེབས་སུ་མཁན་སློབ་ཆོས་གསུམ་དང། གུ་རུ་མཚན་བརྒྱད་ལ་སོགས་པའི་ལྡེབས་བྲིས་ཀྔ་མང་པོ་ཡོད། དེ་བཞིན་སྔར་སྲོང་བཙན་ལྷ་ཁང་གི་སྒོའི་ལྷོ་ངོས་སུ་སྲོང་བཙན་བང་སོའི་དཀར་ཆག་བཀོད་ཡོད་སྐད་དང། དཀར་ཆག་ནང། སྲོང་བཙན་བང་སོ་ཆུ་བོའི་མདའ་རུ་ཆགས། ། ཆེ་ཆུང་ཚད་ནི་དཔའ་ཆེན་མདའ་རྒྱང་གང་། །སྟེང་གི་ཞིང་ནི་ཉག་གི་རྡོ་རྒྱང་གང། ། ནང་དུ་ལྷ་ཁང་ལྔ་ཡི་བཞུགས་སུ་གསོལ། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན་།།གསང་བའི་མཚན་ནི་མུ་རི་སྨུག་པོ་ཞེས་། །འཛམ་བུ་གླིང་གི་ནོར་ཕུད་ལན་གསུམ་བསྡུས། །ལྷ་ཀླུ་མི་ཡི་སྐྱེ་འགྲོའི་བདེ་སྐྱིད་བསྐྲུན། །ཞེས་འཁོད་ཡོད་པ་དང། ད་དུང་ལོ་རྒྱུས་ཀྱི་ཡིག་ཆ་འགའ་རེའི་ནང་བང་སོ་འདིར་རེའུ་མིག་དགུ་ཡོད་པའི་དབུས་སུ་བཙན་པོའི་སྐུ་ཕུང་གསེར་གྱིས་བཏུམས་པ་བཞུགས་ཤིང། ནང་གི་རེའུ་མིག་ཐམས་ཅད་ནོར་གྱིས་བཀང་བ། སྙིགས་མའི་དུས་སུ་ཆུ་བོས་འཇིག་སྟེ་གནས་སྒོ་བྱེ་རྒྱུ་ཡིན་པ་སོགས་བརྗོད་འདུག མཁས་དབང་ལ་ལས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་དེ་བང་སོ་ཨང་ལྔ་པར་རྩི་བ་དང། ཁྲི་སྲོང་ལྡེ་བཙན་གྱི་བང་སོ་དེ་བང་སོ་ཨང་བརྒྱད་པར་འཇོག་པར་གནང་ཡོད། དེ་ལྟ་པུར་རྒྱལ་བཙན་པོའི་བང་སོ་དེ་དག་གི་ནང་ནས་ལྷ་ཁང་རྣམས་རྩ་ཞིག་སོང་བ་ཕུད། ད་ལྟ་ལྷག་བསྡད་པ་རྣམས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྡེ་ཚན་གྱི་ཁོམས་སུ་གཏོགས་པས་རྒྱལ་ཁབ་ནང་དོ་དམ་སྲུང་སྐྱོབ་མཛད་བཞིན་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སྤུར་རྒྱལ་བཙན་པོའི་བང་སོ་ཞེས་པ་འདི་ནི་བོད་ཀྱི་བཙན་པོའི་དུས་སྐབས་སུ་བཏབ་པའི་ཆོས་རྒྱལ་གྱི་བང་སོ་སྟེ་བོད་ལྗོངས་ལྷོ་ཁ་འཕྱོངས་རྒྱས་རྫོང་ཁོངས་མུ་ར་རིའི་འདབས་སུ་བཏབ་ཡོད། ཆོས་རྒྱལ་བང་སོར་ཇི་ཙམ་ཡོད་མེད་སྐོརཆོས་འབྱུང་མཁས་པའི་དགའ་སྟོན་》དང་རྒྱལ་རབས་གསལ་བའི་མེ་ལོང》གཉིས་ལྟར་ན་ས་དེར་བང་སོ་ཉི་ཤུ་རྩ་གཅིག་ཙམ་ཡོད་འདུག་ཀྱང་། ད་ཆ་དེ་ལྟ་བུའི་མང་པོ་མཐོང་རྒྱུ་མེད་པ་ནི་ལ་ལ་དམག་འཁྲུག་དང་དུས་ཟིང་ནང་གཏོར་བརླག་སོང་བ་ཡིན་ནོ། །
- language:
- Tibetan