- spyan snga nyer brgyad pa rdo rje rgyal po
- ID:
- T236302
- སྤྱན་སྔ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ (Tibetan, Tibetan script, Original)
- > spyan snga nyer brgyad pa rdo rje rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
- > chen nga nyer gyepa dorjé gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲི་གུང་གདན་རབས་དགུ་པ་འདི་ཉིད་རིན་པོ་ཆེ་རྡོ་རྗེ་རིན་ཆེན་གྱི་གཅུང་པོར་རབ་བྱུང་ལྔ་པའི་ཤིང་སྤྲེལ་(༡༢༨༤)ལོར་སྐུ་འཁྲུངས། དེ་ནས་རིམ་གྱིས་བསྐྱེད་བསྲིངས་ཏེ་གཅེན་རིན་པོ་ཆེ་རྡོ་རྗེ་རིན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་། མཚན་རྡོ་རྗེ་རྒྱལ་པོ་ཞེས་གནང་། དགུང་ལོ་བདུན་པ་ལ་གླིང་ལོག་བྱུང་སྟེ་ཀོང་པོར་གྲུབ་ཐོབ་ཨར་རྩེ་ལ་སོགས་པ་རྣམས་ཀྱིས་སྤྱན་དྲངས། སློབ་དཔོན་པདྨ་ལ་སོགས་བླ་མ་རྣམས་དང་། ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་མ་ཞལ་གཟིགས་པ་སྐྱེ་དགུ་ཀུན་གྱིས་ཐོས། གྲུབ་ཐོབ་ཨར་རྩེ་ལས་འཇིག་རྟེན་གསུམ་གྱི་མགོན་པོའི་ཆོས་མཛོད་ཀུན་གསན་ཅིང་། ཉམས་ལེན་ལ་བརྩོན་པ་མཐར་ཕྱིན་མཛད། དེ་ནས་འབྲི་གུང་དུ་འཕེབས། དགུང་ལོ་བཅུ་གསུམ་པར་གཅེན་རིན་པོ་ཆེ་དང་མཁས་གྲུབ་དགེ་གཤེས་དུ་མ་ལས་མདོ་སྔགས་རྒྱུད་སྡེའི་ཆོས་མ་ལུས་པ་གསན་ཅིང་། དོན་རྣམས་ལ་བྱང་ཞིང་ཆུབ་པར་མཛད། དེ་ནས་གནས་ཆེན་གཏེར་སྒྲོམ་གྱི་དབེན་གནས་རྣམས་སུ་བཞུགས་ཤིང་། གནས་གསར་མ་ལ་སོགས་པ་གནས་སྒོ་ཡང་མང་དུ་ཕྱེ། གཟིགས་སྣང་རྣམས་གཏན་ལ་ཕབ། རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དང་ཚོགས་ཟངས་གླང་ལུང་མ་སོགས་ནོར་གཏེར་ཁ་ཤས་བཞེས། དེ་ནས་སྡིང་རྒྱལ་གྱི་དབེན་གནས་སུ་སྒྲུབ་སྡེ་འདེབས་པར་མཛད། དགུང་ལོ་སོ་གཅིག་པ་ཤིང་སྟག་(༡༣༡༤)ལོར་གཅེན་རིན་པོ་ཆེ་དག་ཞིང་དུ་གཤེགས་པས་རྗེ་ཉིད་སེང་ཁྲིར་མངའ་གསོལ། པཎ་ཆེན་ཤཱཀྱ་ཤཱིའི་རིང་ལུགས་འཛིན་པ་ཆོས་ལུགས་ཚོགས་པའི་མཁན་ཆེན་ལས་བསྟན་པ་ལ་ཡོངས་སུ་རྫོགས་ཤིང་། འདུལ་བའི་གནས་ལ་བྱང་བར་མཛད། མཁན་ཆེན་དང་དགེ་འདུན་རྣམས་ལ་ཟབ་ཆོས་ཀྱི་བཞེད་པ་བསྐོངས། སྔར་གྱི་ལྷ་ཁང་ཆེན་མོའི་ཤུལ་དུ་ཀ་བ་བརྒྱ་དང་བརྒྱད་ཅུའི་གཙུག་ལག་ཁང་གྲུབ་སྟེ་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་བཞེངས། མཐིང་ཤོག་ལ་གསེར་བྲིས་མའི་མདོ་སྡེ་སོགས་བདེ་བར་གཤེགས་པའི་གསུང་རབ་མང་དུ་བཞེངས། དགུང་ལོ་ལྔ་བཅུ་པར་བཀྲ་ཤིས་ལྗོངས་ཀྱི་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་བཞེངས་ཤིང་། གླིང་གི་མགོན་ཁང་ཨ་ཕྱི་ཁང་དུ་གྲགས་པ་འདི་ཡང་གྲུབ་ཅིང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བྱ་སེང་བེང་ཡུལ་བཅས་བཞེངས། གཞུ་སྨད་གཡའ་མ་རིར་མགོན་ཁང་དང་སྒྲུབ་སྡེ་ཡང་བཏབ། གནས་གསུམ་གྱི་རི་པ་ཡང་སྟོང་ཕྲག་ཙམ་བརྫངས། རི་ཁྲོད་ཕལ་ཆེར་རིམ་གཉིས་ལ་བརྩོན་པའི་སྒོམ་ཆེན་གྱིས་ཁྱབ་པར་མཛད། དུས་ཀུན་ཏུ་ཆོས་གལ་ཆེ་བ་རྣམས་སྦུག་སྒོ་ནས་གསུང་བ་མ་གཏོགས་སྨྲ་བཅད་འདག་སྦྱར་ལ་བཞུགས་ཤིང་། ཟབ་མོའི་རྣལ་འབྱོར་ལས་སྐད་ཅིག་ཀྱང་མི་གཡོ། དབུས་གཙང་གི་ཆེ་དགུ་ཞལ་མཇལ་ལ་ཡོང་བ་རྣམས་ཀྱང་ཡོལ་བ་ཕྱི་ནང་གི་མཇལ་ལུགས་ཙམ་ལས་དངོས་སུ་ཞལ་མཇལ་དང་འཇིག་རྟེན་གྱི་གསུང་གླེང་མི་མཛད་པ་སོགས་འཕགས་ཆེན་དམ་པའི་མཛད་པ་ཁོ་ནས་དུས་འདའ། དེ་ལྟར་ལོ་མང་གདན་ས་བསྐྱངས་ཤིང་། དགུང་ལོ་དྲུག་ཅུ་རེ་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ལྕགས་སྟག་(༡༣༥༠)ལོར་ཆོ་འཕྲུལ་དུ་མ་དང་བཅས་མྱ་ངན་ལས་འདས།།
- language:
- Tibetan
2. Thupten Phuntsok Dictionary
འབྲི་གུང་གདན་རབས་དགུ་པ་འདི་ཉིད་རིན་པོ་ཆེ་རྡོ་རྗེ་རིན་ཆེན་གྱི་གཅུང་པོར་རབ་བྱུང་ལྔ་པའི་ཤིང་སྤྲེལ་ (༡༢༨༤) ལོར་སྐུ་འཁྲུངས། དེ་ནས་རིམ་གྱིས་བསྐྱེད་བསྲིངས་ཏེ་གཅེན་རིན་པོ་ཆེ་རྡོ་རྗེ་རིན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་། མཚན་རྡོ་རྗེ་རྒྱལ་པོ་ཞེས་གནང་། དགུང་ལོ་བདུན་པ་ལ་གླིང་ལོག་བྱུང་སྟེ་ཀོང་པོར་གྲུབ་ཐོབ་ཨར་རྩེ་ལ་སོགས་པ་རྣམས་ཀྱིས་སྤྱན་དྲངས། དགུང་ལོ་སོ་གཅིག་པ་ཤིང་སྟག་ (༡༣༡༤) ལོར་གཅེན་རིན་པོ་དག་ཞིང་དུ་གཤེགས་པས་རྗེ་ཉིད་སེང་ཁྲིར་མངའ་གསོལ། སྔར་གྱི་ལྷ་ཁང་ཆེན་མོའི་ཤུལ་དུ་ཀ་བ་བརྒྱ་དང་བརྒྱད་ཅུའི་གཙུག་ལག་ཁང་གྲུབ་སྟེ་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་བཞེངས། མཐིང་ཤོག་ལ་གསེར་བྲིས་མའི་མདོ་སྡེ་སོགས་བདེ་བར་གཤེགས་པའི་གསུང་རབ་མང་དུ་བཞེངས། དགུང་ལོ་ལྔ་བཅུ་པར་བཀྲ་ཤིས་ལྗོངས་ཀྱི་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་བཞེངས་ཤིང་། དགུང་ལོ་དྲུག་ཅུ་རེ་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ལྕགས་སྟག (༡༣༥༠) ལོར་ཆོ་འཕྲུལ་དུ་མ་དང་བཅས་མྱ་ངན་ལས་འདས།
- language:
- Tibetan