- pho lha bsod nams stobs rgyas
- ID:
- T236760
- ཕོ་ལྷ་བསོད་ནམས་སྟོབས་རྒྱས (Tibetan, Tibetan script, Original)
- > pho lha bsod nams stobs rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
- > polha sönam tob gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ནི་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ(༡༦༨༩)ལོར་ཡབ་པད་མ་རྒྱལ་པོ་དང་ཡུམ་སྒྲོལ་མ་བུ་ཁྲིད་གཉིས་ཀྱི་སྲས་སུ་འབྲུམ་ཕོ་ལྷར(དེང་སྐབས་པ་སྣམ་རྫོང་འདུས་བྱུང་ཆུས)འཁྲུངས། ཁོང་འཚོ་བཞུགས་རིང་ལ་བོད་དུ་རྒྱལ་པོ་ལྷ་བཟང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབར་གྱི་འགལ་ཟླ་རྣོ་ངར་ཅན་དུ་གྱུར་ནས་མཐར་ལྷ་བཟང་གིས་སྡེ་སྲིད་དམར་གསོད་བཏང་བ་དང་། ཇུན་གར་བས་བོད་ཀྱི་ས་གནས་མང་པོ་དྲག་ཤུགས་ཀྱིས་བཙན་བཟུང་བྱས་ཏེ། བོད་ལ་ལོ་བདུན་ཅུ་དོན་ལྔ་ཙམ་དབང་སྒྱུར་བྱས་པའི་གོ་ཤྲིའི་མི་རྒྱུད་ཀྱི་རྒྱལ་པོ་མཐའ་མ་ལྷ་བཟང་དམག་ཐོག་ཏུ་བཀྲོངས་ནས་ཇུན་གར་བས་ལོ་གསུམ་ཙམ་རིང་བོད་ལ་དབང་བསྒྱུར་བ་དང་། གོང་མའི་དཔུང་ཚོགས་ཀྱིས་ཏཱ་ལའི་བླ་མ་བསྐལ་བཟང་རྒྱ་མཚོ་སྤྱན་དྲངས་ཏེ་ལྷ་ལྡན་དུ་འབྱོར་ནས་སྟག་རྩེ་སྡེ་སྲིད་སོགས་དམར་གསོད་བཏང་བ། ཡང་ལོ་ཤས་ནས་དགུང་བློན་རྣམས་འགལ་ཟླར་གྱུར་ཏེ་ནང་ཁུལ་དུ་དམག་འཁྲུག་ཤུགས་ཆེན་བྱུང་བའི་མཐར་མན་ཆིང་གོང་མའི་དམག་དཔུང་ཐེངས་གཉིས་པ་བོད་དུ་འབྱོར་ནས་ང་ལུམ་སྦྱར་གསུམ་སོགས་ཁྲིམས་ཀྱི་ཆད་པ་དྲག་པོས་དམར་གསོད་བཏང་བ་སོགས་གཡུལ་འགྱེད་ཟང་ཟིང་ཡོ་ལང་ཆེ་ཞིང་། ཆབ་སྲིད་ཐོག་གཡོ་འགུལ་ཆེ་བའི་དུས་སྐབས་ཤིག་ཡིན་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས། ཞོགས་དོན་ཡོད་མཁས་གྲུབ། ཕུར་ལྕོག་ངག་དབང་བྱམས་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆོས་དང་། སྲིད་དང་། རིག་གནས་བཅས་ཐད་ཀྱི་གྲགས་ཅན་མི་སྣ་འབོར་ཆེན་ཐོན་པའི་དུས་སྐབས་ཤིག་ཀྱང་ཡིན་པ་དང་། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱང་དམིགས་བསལ་གྱི་དུས་སྐབས་དེ་འདྲ་ཞིག་ཏུ་ཐོན་པའི་གྲགས་ཅན་མི་སྣའི་གྲས་ཤིག་ཡིན། ཁོང་ནི་བྱིས་པའི་དུས་ནས་སྨྲ་མཁས་ཤིང་། དྲག་ཤུལ་ཆེ་ལ། མཚོན་ཆའི་རིགས་ལ་གཅེས་པར་འཛིན་པ། འཐབ་འབྱེད་ཀྱི་རྩེད་འཇོར་ཤིན་ཏུ་སྤྲོ་བ་ཞིག་ཡིན། ཤེས་བྱར་སློབ་གཉེར་བྱེད་པའི་དུས་སུ་བྲི་ཀློག་གི་རིམ་པ་མཐའ་དག་ལ་བྱང་ཆུབ་པར་གྱུར། རྗེས་སུ་སྨིན་གྲོལ་གླིང་དུ་སོང་ནས་རིག་པ་འཛིན་པ་གཏེར་བདག་གླིང་པའི་ཞབས་ལ་གཏུགས་ནས་སླར་ཡང་སྦྱངས་ཤིང་ཐོག་ཡི་གེ་འབྲི་བ་ནས་བཟུང་སྟེ་རིག་པའི་གནས་ལ་སྦྱང་བརྩོན་ཟབ་པར་མཛད་ཐོག ཕོ་རྩལ་དགུ་ལ་སོགས་པའི་སྒྱུ་རྩལ་གྱི་རྣམ་པར་བྱང་ཆུབ་པས་ན་ལྷ་བཟང་ཁང་གི་གཟིགས་པ་ཆེན་པོ་ཐོབ་སྟེ་སྲིད་ཀྱི་བྱ་བའི་རིམ་པ་དང་ཡིག་རྩིས་བསླབས་པ་མ་ཟད། རྒྱལ་རྩེའི་རྫོང་དཔོན་དུ་བསྐོས། ལྕགས་སྟག(༡༧༡༠)ལོར་འདམ་ཀུ་ཤ་ཚལ་དུ་ལྷ་བཟང་གི་སྒེར་ཉར་དྲུང་ཡིག་ཏུ་བསྐོས། ཕོ་ལྷ་བས་ལྷ་བཟང་ཁང་ལ་བསམ་པ་རྣམ་དག་གིས་བྱ་བ་བསྒྲུབས་ཤིང་ཧོར་སྦྲ་ནག་ཁག་བཞི་ངོ་ལོག་པ་སླར་ཡང་རང་ཁོངས་སུ་བསྡུ་བའི་གཡུལ་འགྱེད་དང་། རབ་བྱུང་བཅུ་གཉིས་པའི་ཤིང་རྟ(༡༧༡༤)ལོའི་བོད་འབྲུག་དམག་འཁྲུག་སྐབས་བཅས་ལ་གཡུལ་གྱི་ཁ་ལོ་བར་སོང་ནས་བྱས་རྗེས་བཞག་པ་མ་ཟད། རབ་བྱུང་བཅུ་གཉིས་པའི་མེ་བྱ(༡༧༡༧)ལོར་ཇུན་གར་པ་ཚེ་རིང་དོན་གྲུབ་ཀྱིས་རྒྱལ་པོ་ལྷ་བཟང་ལ་ཚུར་རྒོལ་བྱས་པར་འགོག་རྒོལ་གྱི་དམག་འཐབ་ནང་དུ་དཔུང་གི་ཁ་ལོ་བསྒྱུར་ཏེ་གཡུལ་བཤམས་པས་ཕོ་ལྷ་བ་རང་གི་རྐང་པར་མདེལ་ཕོག་ནས་རྨས་པར་གྱུར་པ་སོགས་རྒྱལ་པོ་ལྷ་བཟང་ནམ་བཞུགས་ཀྱི་བར་དུ་ཞི་དྲག་བྱ་བ་ཐམས་ཅད་འབད་པས་བསྒྲུབས། ཇུན་གར་པས་རྒྱལ་པོ་ལྷ་བཟང་བཀྲོངས་ཏེ་དབང་བསྒྱུར་ཅིང་། ལྷ་བཟང་གི་མངའ་ཞབས་དཔོན་རིགས་དང་མཉམ་དུ་མི་དབང་ཕོ་ལྷ་ཡང་བཙོན་དུ་བཅུག ལོ་ན་བདུན་ཅུ་ལྷག་ཙམ་སླེབས་པའི་སྡེ་པ་སྟག་རྩེ་བ་ལྷ་རྒྱལ་རབ་བརྟན་སྲིད་སྐྱོང་ལ་བསྐོས་པའི་རྗེས་སུ། སྟག་རྩེ་བས་ཞུ་ངོ་བྱས་ཏེ་མི་དབང་ཕོ་ལྷ་ཁྲིམས་མུན་ནས་གློད་བཀྲོལ་བཏང་། ས་ཁྱི(༡༧༡༨)ལོར་ཕོ་ལྷ་བས་ཐབས་མཁས་ཀྱིས་སྡེ་སྲིད་སྟག་རྩེ་པ་དང་ཇུན་གར་ཚེ་རིང་དོན་གྲུབ་ལ་རེ་ཞུས་ལྟར་གཉའ་ནང་རྫོང་སྡོད་དུ་བསྐོ་གཞག་བྱུང་། དེ་རྗེས་ཕོ་ལྷས་ནད་བརྫུ་བཏབ་སྟེ་སྟེང་གདོན་གྱིས་ཟིན་ནས་ཞབས་གཡོན་མ་ས་ལ་འཛུགས་མི་ཐུབ་པའི་རྫུ་ལ་བརྟེན་ནས་འབྲུམ་ཕོ་ལྷར་གནས་བཅས་ཏེ་གོང་མའི་དམག་རོགས་བསྒུགས་པ་དང་། ཡང་ཕྱོགས་གཅིག་ནས་ཁང་ཆེན་ནས་ལ་སོགས་པའི་སྡེ་དཔོན་རྣམས་དང་འབྲེལ་མཐུད་ཀྱིས་ཇུན་གར་པར་རྒོལ་རྒྱུའི་སྐུལ་སློང་གྲབས་གཤོམ་ལེགས་པར་བྱས། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི(༡༧༢༠)ལོར་སྟོད་གཙང་ཕྱོགས་ནས་ཕོ་ལྷ་ནས་དང་ཁང་ཆེན་ནས་ཀྱིས་དམག་བསྐུལ་བ་དང་། དེང་སི་ཅང་ཇུན་གྱིས་གཙོས་གོང་མའི་དཔུང་ཚོགས་ཀྱིས་མདོ་ཁམས་བརྒྱུད་ཡོང་བ། ཡན་ཅང་ཇུན་གྱིས་གཙོས་གོང་མའི་དཔུང་ཚོགས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྤྱན་དྲངས་ཏེ་བྱང་བརྒྱུད་ནས་ལྷགས་པ། དབུས་ནས་སྡེ་པ་ང་ཕོད་སོགས་ཀྱིས་ཇུན་གར་བར་ངོ་ལོག་སྟེ་སྐུ་འབུམ་ཕྱོགས་སུ་སྐྱབས་ཞུར་བཅར་བ་སོགས་ལ་བརྟེན་ཇུན་གར་བའི་དཔུང་ཚོགས་རྣམས་ཕྱིར་འཐེན་མི་བྱེད་ཀ་མེད་དུ་གྱུར། དེ་ནས་སྡེ་པ་སྟག་རྩེ་བ་སོགས་ཇུན་གར་བས་བསྐོས་པའི་དཔོན་རིགས་རྣམས་ཁྲིམས་ཀྱིས་ཚར་བཅད་པ་དང་སྦྲགས། ལྕགས་གླང(༡༧༢༡)ལོར་ཕོ་ལྷ་བར་ཐའི་ཇིའི་ཆོ་ལོ་དང་སྦྲགས་བཀའ་བློན་དུ་བསྐོས། ཆུ་ཡོས་(༡༧༢༣)ལོར་མན་ཆིང་གོང་མས་ཕོ་ལྷར་དབུས་གཙང་གི་བཀའ་སློབ་ཀྱི་བྱ་བྱེད་མཁན་རྡོ་རིང་རོས་པའི་ལིའི་ཐམ་ག་ཞེས་པ་ཞིག་གནང་། སྐབས་དེའི་བཀའ་བློན་གཙོ་བོ་དའི་ཆིང་བཱ་དུར་དང་། ང་ལུམ་སྦྱར་གསུམ། ཕོ་ལྷ་བ་བཅས་མཉམ་སྦྲེལ་གྱི་དབང་བསྒྱུར་ལོ་དྲུག་བྱས་རིང་མཐུན་སྒྲིལ་མཉམ་རུབ་མ་ཐུབ་པས་འགལ་ཟླ་ཇེ་ཆེར་སོང་ནས། ང་ལུམ་སྦྱར་གསུམ་གྱིས་ཁང་ཆེན་ནས་དང་ཕོ་ལྷ་བ་གཉིས་ཚར་གཅོད་བྱ་རྒྱུའི་གྲོས་མཐུན་བྱུང་མཚམས་ཕོ་ལྷ་བར་མདོ་མཁར་ཞབས་དྲུང་གི་གསང་བརྡ་བྱུངསྟེ་གཞིས་བཞུགས་ལྷ་ལྕམ་ཆབ་གཞིའི་སྙུན་གཞིར་ཁ་འདོགས་ཀྱིས་གཞིས་འཁོར་དུ་དགོངས་ཞུ་བྱས་ཏེ་གསང་བའི་ཐོག་འབྲུམ་ཕོ་ལྷར་ཐོན། མི་རིང་བར་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོའི་ཧོར་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ལ་སྲིད་སྐྱོང་ཁང་ཆེན་ནས་དའི་ཆིང་བ་ཐུར་ང་ལུམ་སྦྱར་གསུམ་གྱིས་བཀྲོངས་ཤིང་། སྐྱིད་པ་ཐང་པ་སོགས་ཀྱིས་སྣེ་དྲངས་ཏེ་དཔོན་དམག་སུམ་བརྒྱ་སྐོར་འབྲུམ་ཕོ་ལྷར་མངགས་ཏེ་ཕོ་ལྷ་བ་ཡབ་སྲས་ཚར་གཅོད་བྱ་རྩིས་བྱས་ཀྱང་ཕོ་ལྷ་བར་དེ་སྔོན་ནས་གསང་བརྡ་བྱུང་ཡོད་སྟབས་ཡུལ་གཞན་དུ་བྱོལ་ཟིན་པས་འབད་པ་སྟོང་ཟད་དུ་གྱུར། དེ་ནས་ཕོ་ལྷ་ཐའི་ཇིས་སྟོད་མངའ་རིས་སུ་སོང་ནས་དའི་ཆིང་བ་ཐུར་གྱི་གཅེན་པོ་མངའ་རིས་སྒར་དཔོན་དགའ་བཞི་པ་དང་ས་དགའ་ཕྱོགས་ཀྱིས་ཨུས་ཆིང་ནོ་ཡོན་ལ་སོགས་པའི་དཔོན་རིགས་དང་མདའ་དཔོན་ཁག་གི་དཔུང་ཤུགས་ཟླ་བསྒྲིལ་ཏེ། དའི་ཆང་བ་ཐུར་བསོད་ནམས་རྒྱལ་པོའི་དགྲ་ཤ་ལེན་རྒྱུའི་འབོད་ཚིག་འོག་ཏུ་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོའི་བོད་ཟླ་བདུན་པའི་ཚེ་བཅུ་བདུན་ཉིན་ས་དགའ་ནས་ཕོ་ལྷ་བ་དང་ལྕང་ལོ་ཅན་པས་གཙང་དང་སྟོད་མངའ་རིས་ཀྱི་དམག་ཁྲིད་དེ་དབུས་ལ་ཤར། ལུམ་པ་བ་དང་སྦྱར་ར་བས་དབུས་དང་། དྭགས་ཀོང་གི་དཔུང་ཚོགས་གཙང་དུ་བཏེགས་ནས་ཕན་ཚུན་དགྲ་འཐབ་ལན་འགའ་བྱས། ལོ་དེར་གཙང་དམག་རེ་ཞིག་རྒྱལ་རྩེ་ནས་ཕྱིར་འཐེན་བྱེད་དུས་ཕོ་ལྷ་བས་ལྷ་རྩེ་དམག་སྒར་ནས་གོང་མ་གཡུང་ཀྲེང་ལ་དཔུང་རོགས་ཡོང་བའི་ཡི་གེ་བཏང་། དབུས་གཙང་སྡེ་གཟར་གྱི་མི་གསོད་ཁྲག་སྦྱོར་དེ་ལ་གཙང་ནས་པཎ་ཆེན་རིན་པོ་ཆེ་དང་། དབུས་ནས་དགའ་ལྡན་ཁྲི་པ། སེ་འབྲས་དགའ་གསུམ། རྒྱུད་གྲྭ་སྟོད་སྨད་བཅས་ཀྱི་བླ་མ་ལས་སྣེ་སོགས་ཀྱིས་ཆིངས་མོལ་གནང་བར་ཕོ་ལྷ་བས་ཁས་མ་བླངས། འདི་ཙམ་ནས་བཟུང་སྟེ་ཕོ་ལྷ་ཐའི་ཇིར་མི་དབང་སྐུ་ཞབས་ཞེས་དབུས་གཙང་གི་ལྗོངས་ཀུན་ཏུ་གྲགས་པར་གྱུར། ལམ་བར་དུ་སྐྱིད་གྲོང་དང་། ཁྱུང་རྫོང་དཀར་པོའི་སྣེ་མོ་ལས་འཛིན་ལྕགས་སྦྲག་པ་ཞེས་བྱ་བ་དང་། ཡང་གྲོང་པ་ཞེས་བྱ་བ་གཉིས་ལ་བཀའ་བགྲོས་ཏེ་ནེ་པ་ལའི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་དེ་ཉིད་གསར་དུ་བསྐྲུན་པ་དང་མི་གཉིས་པའི་ཉམས་གསོ་དཔྱིས་ཕྱིན་པ་བྱེད་དགོས་པའི་མངག་བྱ་བྱས། དེ་ནས་ཁ་རོ་ལ་དང་འབྲས་ཁུད་བཅས་ཀྱི་ས་གནས་སུ་ང་ལུམ་སྦྱར་གསུམ་གྱི་དཔུང་དང་གཡུལ་མངོན་པར་བསྲེས་ཀྱང་། གནས་སྐབས་ཀྱི་ཕམ་ཉེས་བྱུང་སྟེ་ས་དགའ་བར་དུ་ཕྱིར་འཐེན་བྱས། ཕ་རོལ་གྱི་དཔུང་ཚོགས་རྣམས་ཀྱིས་རྗེས་འདེད་ནས་ངམ་རིང་བར་སླེབས་ཏེ། སྟོད་གཙང་གི་མི་སེར་ལ་རྡབ་གསིག་ཆེན་པོ་བཏང་བས་མི་རྣམས་ཁོང་ཁྲོ་བའི་སྐབས་དེར་ཕོ་ལྷ་བས་སླར་ཡང་སྐུལ་སློང་བྱས་ཏེ་དཔུང་འཇུག་ཐེངས་གཉིས་པའི་ཤུལ་ལམ་དུ་ཞུགས། རིམ་བཞིན་ལམ་བར་དུ་རྒྱལ་རྩེ་སོགས་ལ་གཡུལ་བསྲེ་བ་ཉུང་ཟད་རེ་བྱས་ཏེ་མཐར་འཕན་ཡུལ་བརྒྱུད་གར་པའི་ཉེ་འདབས་སུ་འབྱོར་ནས་དམག་སྒར་བཏབ། དེའི་ཚེ་དགུང་བློན་ལུམ་པ་བ་དཔུང་དང་བཅས་པ་དགའ་མོ་འཕྲང་བསྲུང་བའི་སླད་དུ་ལྷགས་ནས་རྒྱབ་རི་དང་འཕྲང་ལམ་གྱི་བཙན་ས་བཟུང་ནས་འདུག་པ་ན། ཕོ་ལྷ་བས་མཚན་ཐོག་ཏུ་མེའི་འཁྲུལ་འཁོར་ལྡན་པའི་དམག་མི་སུམ་བརྒྱ་མངགས་ནས་དགའ་མོ་འཕྲང་གི་རི་བོ་མཐོ་ཞིང་མཐོ་བའི་རྩེ་བསྐོར་ཏེ། རི་རྩེར་བཙན་ས་བཟུང་ནས་གནས་པའི་ལུམ་པ་བའི་དཔུང་ཚོགས་རྣམས་རིམ་གྱིས་ཕམ་པར་བྱས་ཤིང་། ཐོ་རེངས་ནམ་ལངས་སུ་ཉེ་བ་ན་མི་དབང་རང་ཉིད་ཀྱིས་རུ་སྣེ་དྲངས་ཏེ་དྲག་ཤུགས་ཆེན་པོས་ཕར་རྒོལ་གྱི་གཡུལ་བསྲེས་པ་ན། ཕ་རོལ་གྱི་དཔུང་ཚོགས་རབ་ཏུ་ཕམ་སྟེ་བྱེར་ཞིང་ལུམ་པ་བ་རང་ཉིད་ཀྱང་འཁོར་ཉུང་ངུ་དང་བཅས་ཏེ་རལ་གྲི་ཡང་བོར་ནས་ལྷ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྒོའི་ནང་དུ་མ་སླེབས་བར་ལ་རལ་རྒྱུགས་སུ་བྲོས། དེ་མུར་མི་དབང་ཕོ་ལྷ་བ་དང་དཔུང་ཚོགས་ཀྱིས་རྗེས་བསྙེགས་ཏེ་ལྷ་ལྡན་ར་ས་དང་བཅས་པ་བླངས་ནས་སྐབས་སེར་རྒྱལ་ཡབ་བསོད་ནམས་དར་རྒྱས་དང་ང་ལུམ་སྦྱར་གསུམ་དང་དཔུང་གྱི་ལྷག་མ་རྣམས་གནས་བཅའ་ཡུལ་གྲུ་འཛིན་གཉིས་པའི་ཕོ་བྲང་གི་མཐའ་ནས་དཔུང་ཚོགས་ཆེན་པོས་བསྐོར་ཏེ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ(༡༧༢༨)ལོའི་ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན་ནས་བཟུང་མི་དབང་ཕོ་ལྷས་བོད་ཀྱི་མངའ་རིས་དང་བཅས་པར་དབང་བསྒྱུར། སྐབས་དེར་མི་དབང་ཕོ་ལྷས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི་དའི་ཆིང་བ་ཐུར་དམར་བསོད་གཏོང་མཁན་དང་དམག་འཁྲུག་སློང་མཁན་གྱི་བྱེད་གཏེ་ཞིག་ལ་ངོས་བཟུང་སྟེ། ལྷ་རྩེ་ནས་གོང་མར་ཕུལ་བའི་ཞུ་ཡིག་ནང་དུ་ཏཱ་ལའི་བླ་མས་བཏང་བའི་དབུས་ཀོང་སོག་པོ་དང་བཅས་ནས་གཙང་པའི་ཕོ་རྣམས་མཐོང་ཚད་བསད། མོ་རྣམས་བཀོལ་སྤྱོད། ཁང་པ་མེར་བསྲེག འདི་ལོའི་ལོ་ཐོག་ཐམས་ཅད་གཏོར་བརླག་ཏུ་གཏོང་བ་སོགས་མདོར་ན་བསམསྤྱོད་ཀྱི་ཡུལ་དང་བྲལ་བ་བྱེད་འདུག་པས་བོད་ཀྱི་སྐྱེ་འགྲོའི་བདེ་སྐྱིད་དང་བསྟན་པ་རིན་པོ་ཆེར་དགོངས་པའི་བདག་པོ་ཆེན་པོའི་དཔུང་ཆེན་བདེན་ཐོག་ཏུ་འཁྱོལ་བ་ཞིག་གི་ཚར་གཅོད་རྗེས་འཛིན་འཕྲལ་དུ་བརྩེ་བས་མ་བཟུང་ཚེ། གཙང་མངའ་རིས་དང་བཅས་པའི་དམག་མི་རྣམས་བློ་ཕམ་ཆེ་ངེས་ཡོང་འདུག་པས་ངེད་རྣམས་སྙིང་རྗེའི་ར་བ་ནས་མ་འདོར་བ་ཞིག་མཁྱེན། ཞེས་བཀོད་ཡོད་པ་མ་ཟད། རྩེ་ཕོ་བྲང་ཆེན་པོ་དཔུང་ཚོགས་ཀྱིས་བསྐོར་བའི་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པར་བཞུགས་བཟོད་མི་བདེ་བའི་འཇིགས་སྐུལ་དང་སྦྲགས་ཞི་ཐབས་ཀྱི་སྒོ་ནས་ངམ་ལུམ་སྦྱར་གསུམ་རྩེ་ཕོ་བྲང་གི་ཕྱིར་ཕྱུངས་ཐོག་རང་སོ་སོའི་ཤག་ཏུ་དམག་མི་སུམ་རྒྱ་རེས་བསྐོར་ཏེ་བཟང་བཙོན་ལྟ་བུར་བཞག རབ་བྱུང་བཅུ་གཉིས་པའི་ས་བྱ(༡༧༢༩)ལོའི་བོད་ཟླ་བཅུ་པའི་ཚེས་གནམ་གང་ཉིན་ཨ་ལི་ཁན་ཨམ་བན་དང་མེ་རིང་འཛང་གི་དཔུང་དམག་སྟོང་ཕྲག་བཅུ་དང་བཅས་ལྷ་སར་འབྱོར་ཞིང་། དེ་ནས་མི་རིང་བར་ཕོ་ལྷ་བ་དང་གོང་མའི་དམག་དཔུང་གིས་ལྷ་ས་བ་མ་རིའི་འདབས་སུ་ང་ལུམ་སྦྱར་གསུམ་གྱིས་གཙོས་པའི་ལེ་གཏོགས་པ་རྣམས་འཁྲིད་དེ་ལུས་ཀྱི་ཆ་ཤས་ལྕགས་ཀྱུས་བཟུང་ཞིང་། ཤ་བཅད་ནས་ཁ་ལ་འཛུད་པ་དང་། མིག་ཡ་གཅིག་བཏོན་ནས་ཡ་གཅིག་ལ་སྟོན་པ། ལྟོ་བ་ནས་རྒྱུ་མ་དྲངས་ཏེ་ཁར་འཛུད་པ་སོགས་ཟད་མི་ཤེས་པའི་སྡུག་ལ་སྦྱར་ནས་བཀུམས་པ་དང་། དེ་དག་གི་ཉེ་དུ་དང་བུ་ཕྲུག་ཚོ་ཡང་དུས་གཅིག་ལ་སྲོག་ཐོག་ཏུ་བཏང་། ལོ་དེའི་བོད་ཟླ་བཅུ་གཅིག་པར་རྒྱལ་དབང་སྐུ་ཕྲེང་བདུན་པ་མཆོག་དང་གང་གི་ཡབ་རྗེ་སོགས་མདོ་སྨད་ཕྱོགས་སུ་ཕེབས་དགོས་བྱུང་བས་བོད་ཀྱི་སྲིད་དབང་ཆ་ཚང་ཕོ་ལྷ་བས་བཟུང་། ལྕགས་སྤྲེལ(༡༧༤༠)ལོར་གོང་མས་ཕོ་ལྷ་བར་དབུས་གཙང་གི་བཀའ་སློབ་ཀྱི་བྱ་བ་བྱེད་མཁན་རྡོ་རོས་ཀྱུན་ཝང་གི་ཐམ་ག་དང་གཟེངས་བསྟོད་བྱ་དགའ་དངུལ་སྲང་ཆེན་ཁྲི་ཕྲག་གསུམ་བསྩལ་ནས་བོད་ཀྱི་སྲིད་སྐྱོང་དུ་བསྐོས། ཕོ་ལྷ་བས་བོད་ཀྱི་ཆབ་སྲིད་ལོ་བཅུ་དགུ་སྐྱོང་རིང་ཐོག་མར་ཆོས་སྲིད་གཉིས་ཐད་ཀྱི་དགོས་པར་གཞིགས་ནས་སེ་འབྲས་དགའ་གསུམ་སོ་སོར་གཞིས་འབངས་གང་འཚམས་སྦྱོར་འཇགས་སུ་ཕུལ་བ་དང་། རིས་སུ་མ་མཆིས་པའི་དགེ་འདུན་གྱི་སྡེ་མང་པོར་བཀུར་སྟི་ཞབས་ཏོག མཆོད་ཐེབས་ས་ཞིང་འབུལ་སྦྱོར། གདན་ས་གསུམ་གྱི་ཚོགས་ཆེན་ཉམས་གསོ་དང་གསར་བཞེངས། བོད་ཡུལ་དུ་ཇག་རྐུན་དང་ཁྲམ་པ་སོགས་གཙང་བཤེར། རྟ་ཟམ་གྱི་སྲོལ་འཛུགས། ལྷ་ལྡན་གཙུག་ལག་ཁང་དུ་གསེར་ཟངས་ལས་གྲུབ་པའི་བྱམས་ཆེན་དང་། རྩེ་མོར་བདེ་གསང་འཇིགས་གསུམ་གྱི་བློས་བླངས་དཀྱིལ་འཁོར། དགའ་ལྡན་གསེར་ཁྲིའི་དབུ་ཐོག་རྒྱ་ཕིབས། དགའ་ལྡན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་བྲིས་མ་གཡས་བཞག་སོགས་བཞེངས་། ལྷག་པར་རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་སྐབས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་ཤིང་བརྐོ་རྒྱུ་འཕྲོ་ལུས་ཀྱི་འཕྲོ་བསྐྱངས། བསྟན་འགྱུར་རིན་པོ་ཆའི་གསུང་དབུས་གཙང་ཕྱོགས་སུ་མེད་གཤིས་ཤིང་པར་མ་ཕྱི་པར་བརྐོས་ཀྱིས་དཔལ་སྣར་ཐང་ཕྱོགས་སུ་བཞུགས་སུ་གསོལ། གདན་ས་གསུམ་གྱི་མཚན་ཉིད་ཀྱི་ཡིག་ཆ་མཐའ་དག་པར་དུ་བརྐོས། དངོས་འབྲེལ་དཀའ་ངལ་ལྕི་ཆེའི་ཆབ་འབངས་ཀྱི་རྐང་འགྲོ་ལག་འདོན་སོགས་ཀྱི་ཁྲལ་རིགས་རྩ་ཆག་གཏོང་བ་སོགས་ཀྱང་བྱས་ཀྱང་། རྒྱལ་དབང་མཆོག་ལ་སྔ་ཕྱིར་དགོངས་བབས་ཤིག་རང་མ་ཞུས་པ། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ནང་། བོད་ཀྱི་སྲིད་སྐྱོང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་སྤྱིར་བསྟན་པ་དང་བསྟན་འཛིན་བཅས་པར་གུས་མཆོད་ལྷུར་ལེན་པ་དང་། དཔའ་མཛངས་བརྟུལ་ཕོད་པ་སོགས་ལུགས་གཉིས་ཆར་ནས་བསྔགས་འོད་པ་ཞིག་ཡིན་འདུག་ཀྱང་རྒྱལ་དབང་ཐམས་ཅད་མཁྱེན་པར་གཏིང་ནས་མི་དད་ཅིང་། ལོག་སྒྲུབ་མང་དུ་བགྱིས། ཞེས་གསུངས་སོ། མཐར་རབ་བྱུང་བཅུ་གསུམ་པ་མེ་ཡོས(༡༧༤༧)ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ཕོ་ལྷ་བའི་མཇིང་པར་གཉན་འབུར་དྲག་པོས་ཟིན་ཏེ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ནི་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་སྤྱི་ལོ (༡༦༨༩) ལོར་ཡབ་པད་མ་རྒྱལ་པོ་དང་ཡུམ་སྒྲོལ་མ་བུ་ཁྲིད་གཉིས་ཀྱི་སྲས་སུ་འབྲུམ་ཕོ་ལྟར (དེང་སྐབས་པ་རྣམ་རྫོང་འདུས་བྱུང་ཆུས) འཁྲུངས། ཁོང་འཚོ་བཞུགས་རིང་ལ་བོད་དུ་རྒྱལ་པོ་ལྷ་བཟང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབར་གྱི་འགལ་ཟླ་རྣོ་ངར་ཅན་དུ་གྱུར་ནས་མཐར་ལྷ་བཟང་གིས་སྡེ་སྲིད་དམར་གསོད་བཏང་བ་དང་། ཇུན་གར་བས་བོད་ཀྱི་ས་གནས་མང་པོ་དྲག་ཤུགས་ཀྱིས་བཙན་བཟུང་བྱས་ཏེ། བོད་ལ་ལོ་བདུན་ཅུ་དོན་ལྔ་ཙམ་དབང་སྒྱུར་བྱས་པའི་གོ་ཤྲིའི་མི་རྒྱུད་ཀྱི་རྒྱལ་པོ་མཐའ་མ་ལྷ་བཟང་དམག་ཐོག་ཏུ་བཀྲོངས་ནས་ཇུན་གར་བས་ལོ་གསུམ་ཙམ་རིང་བོད་ལ་དབང་བསྒྱུར་བ་དང་། གོང་མའི་དཔུང་ཚོགས་ཀྱིས་ཏཱ་ལའི་བླ་མ་བསྐལ་བཟང་རྒྱ་མཚོ་སྤྱན་དྲངས་ཏེ་ལྷ་ལྡན་དུ་འབྱོར་ནས་སྟག་རྩེ་སྡེ་སྲིད་སོགས་དམར་གསོད་བཏང་བ། ཡང་ལོ་ཤས་ནས་དགུང་བློན་རྣམས་འགལ་ཟླར་གྱུར་ཏེ་ནང་ཁུལ་དུ་དམག་འཁྲུག་ཤུགས་ཆེན་བྱུང་བའི་མཐར་མན་ཆིང་གོང་མའི་དམག་དཔུང་ཐེངས་གཉིས་པ་བོད་དུ་འབྱོར་ནས་ང་ལུམ་སྦྱར་གསུམ་སོགས་ཁྲིམས་ཀྱི་ཆད་པ་དྲག་པོས་དམར་གསོད་བཏང་བ་སོགས་གཡུལ་འགྱེད་ཟང་ཟིང་ཡོ་ལང་ཆེ་ཞིང་། ཆབ་སྲིད་ཐོག་གཡོ་འགུལ་ཆེ་བའི་དུས་སྐབས་ཤིག་ཡིན་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་། པཎ་ཆེན་སྐུ་ཕྲེང་བདུན་པ་དཔལ་ལྡན་ཡེ་ཤེས། ཞོགས་དོན་ཡོད་མཁས་གྲུབ། ཕུར་ལྕོག་ངག་དབང་བྱམས་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆོས་དང་། སྲིད་དང་། རིག་གནས་བཅས་ཐད་ཀྱི་གྲགས་ཅན་མི་སྣ་འབོར་ཆེན་ཐོན་པའི་དུས་སྐབས་ཤིག་ཀྱང་ཡིན་པ་དང་། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱང་དམིགས་བསལ་གྱི་དུས་སྐབས་དེ་འདྲ་ཞིག་ཏུ་ཐོན་པའི་གྲགས་ཅན་མི་སྣའི་གྲས་ཤིག་ཡིན། ཁོ་ནི་བྱིས་པའི་དུས་ནས་སྨྲ་མཁས་ཤིང་། དྲག་ཤུལ་ཆེ་བ། མཚོན་ཆའི་རིགས་ལ་གཅེས་པར་འཛིན་པ། འཐབ་འབྱེད་ཀྱི་རྩེད་འཇོར་ཤིན་ཏུ་སྤྲོ་བ་ཞིག་ཡིན། ཤེས་བྱར་སློབ་གཉེར་བྱེད་པའི་དུས་སུ་འབྲི་ཀློག་གི་རིམ་པ་མཐའ་དག་ལ་བྱང་ཆུབ་པར་གྱུར། རྗེས་སུ་སྨིན་གྲོལ་གླིང་དུ་སོང་ནས་རིག་པ་འཛིན་པ་གཏེར་བདག་གླིང་པའི་ཞབས་ལ་གཏུགས་ནས་སླར་ཡང་སྦྱངས་ཤིང་ཐོག་ཡི་གེ་འབྲི་བ་ནས་བཟུང་སྟེ་རིག་པའི་གནས་ལ་སྦྱང་བརྩོན་ཟབ་པར་མཛད་ཐོག ཕོ་རྩལ་དགུ་ལ་སོགས་པའི་སྒྱུ་རྩལ་གྱི་རྣམ་པར་བྱང་ཆུབ་པས་ན་ལྷ་བཟང་ཁང་གི་གཟིགས་པ་ཆེན་པོ་ཐོབ་སྟེ་སྲིད་ཀྱི་བྱ་བའི་རིམ་པ་དང་ཡིག་རྩིས་བསླབས་པ་མ་ཟད། རྒྱལ་རྩེའི་རྫོང་དཔོན་དུ་བསྐོས། ལྕགས་སྟག (༡༧༡༠) ལོར་འདམ་ཀུ་ཤ་ཚལ་དུ་ལྷ་བཟང་གི་སྒེར་ཉར་དྲུང་ཡིག་ཏུ་བསྐོས། ཕོ་ལྷ་བས་ལྷ་བཟང་ཁང་ལ་བསམ་པ་རྣམ་དག་གིས་བྱ་བ་བསྒྲུབས་ཤིང་ཧོར་སྦྲ་ནག་ཁག་བཞི་ངོ་ལོག་པ་སླར་ཡང་རང་ཁོངས་སུ་བསྡུ་བའི་གཡུལ་འགྱེད་དོ། །ཁོང་ནི་དམག་གི་ལས་ལ་ཤིན་ཏུ་མཁས་པས་ཇུན་གར་བ་མཐར་སྤྲོད་ལ་བྱས་རྗེས་བཞག་པས་ཐའི་ཇིའི་གོ་བབ་ཐོབ། ང་ལུམ་སྦྱར་གསུམ་གྱི་ཁང་ཆེན་པ་དམར་གསོད་བཏང་རྗེས་ཁོང་གི་གཙང་དང་མངའ་རིས་ཀྱི་དམག་སྐུལ་ནས་ཁོང་གསུམ་ཕམ་པར་བྱས་ནས་བརྩོན་ཏུ་བསྐུང་། དེ་རྗེས་ཅུན་ཝང་ཞེས་བོད་ཀྱི་རྒྱལ་པོ་ལྟ་བུ་གྱུར། ཁོས་གིས་སྲིད་སྐྱོང་སྐབས་བོད་ལ་རྒན་མོ་གསེར་ཁུར་གྱི་དུས་སྐབས་ཞེས་དུས་བདེ་ལྷིང་འཇགས་ཀྱི་དུས་བྱུང་བར་བཤད། མི་དབང་རྟོགས་བརྗོད་》ནི་ཁོང་གི་རྟོགས་བརྗོད་པའི་དཔེ་དེབ་ཡིན་པས་ཞིབ་པར་གསལ། མཐར་རབ་བྱུང་བཅུ་གསུམ་པའི་མེ་ཡོས་སྤྱི་ལོ (༡༧༤༧) ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ཕོ་ལྷ་བའི་མཇིང་པར་གཉན་འབུར་དྲག་པོས་ཟིན་ཏེ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1689 ལོར་རྒྱལ་རྩེའི་ཡུལ་དུ་ཡབ་པདྨ་རྒྱལ་པོ་དང་། ཡུམ་སྒྲོལ་མ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1747 ལོར་སྐུ་གཤེགས། ཁོང་ཆུང་ངུའི་དུས་ནས་རིག་པའི་རྩལ་སྟོབས་རྫོགས་ཤིང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་བྱང་བ་ཞིག་ཡིན། རྒྱལ་པོ་ལྷ་བཟང་ཧཱན་གྱིས་བོད་ས་གནས་དབང་བསྒྱུར་བྱེད་པའི་སྐབས་སུ་ཁོང་ལ་བློ་དཀར་བས་དམག་དཔོན་གྱི་འགན་ཁུར་སྤྲད། དེའི་སྐབས་སུ་ཇུན་གར་གྱི་དུས་ཟིང་སློང་བར་མདུན་རྩེ་ཁ་སྤྲོད་བྱས་ནས་འཐབ་པས་མཛད་རྗེས་ཆེན་པོར་བཞག་པར་བརྟེན། རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1721 ལོར་ཆིན་གོང་མས་ཐའི་ཇི(ch.)ཞེས་པའི་གོ་གནས་གནང་ནས་བཀའ་བློན་གྱི་འགན་ཁུར་[1063]བཞེས། སྤྱི་ལོ 1727 ལོར་ང་ལུམ་སྦྱར་གསུམ་གྱིས་ཁང་ཆེན་བསོད་ནམས་རྒྱལ་པོ་བཀྲོངས་རྗེས་ཁོང་གིས་གཙང་དང་སྟོད་མངའ་རིས་ཀྱི་མི་དམག་དགུ་སྟོང་ཙམ་ཁྲིད་དེ་ལྷ་སར་ཕེབས་ནས་ང་ལུམ་སྦྱར་གསུམ་ཕམ་པར་མཛད། དེ་ནས་ཆིན་གོང་མས་ཁོང་ལ་པེ་ཙེ་ཞེས་པའི་གོ་གནས་གནང་ནས་ཆབ་སྲིད་ཀྱིས་གཟེངས་བསྟོད་མཛད། སྤྱི་ལོ 1728 ལོར་ཆིན་གོང་མས་ཇུན་ཝང་ཞེས་པའི་གོ་གནས་གནང་སྟེ་བོད་ས་གནས་ཀྱི་སྲིད་སྐྱོང་གི་འགན་ཁུར་བཞེས་ནས་ལོ་ངོ་ཉི་ཤུའི་རིང་དུ་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀ་ལུགས་བཞིན་བསྐྱངས། སྤྱི་ལོ 1730 ལོར་ཁོང་གིས་དཔལ་སྣར་ཐང་དགོན་དུ་བཀའ་འགྱུར་རིན་ཆེའི་དཔར་ཤིང་དང་། སྤྱི་ལོ 1741 ལོར་བསྟན་འགྱུར་རིན་པོ་ཆེའི་དཔར་ཤིང་བཅས་བཞེངས་སོ། །
- language:
- Tibetan