Skip to main content Skip to search
'phags pa lha blo bzang thub bstan mi pham tshul khrims rgyal mtshan
ID:
T237135
  • འཕགས་པ་ལྷ་བློ་བཟང་ཐུབ་བསྟན་མི་ཕམ་ཚུལ་ཁྲིམས་རྒྱལ་མཚན (Tibetan, Tibetan script, Original)
    • > 'phags pa lha blo bzang thub bstan mi pham tshul khrims rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa lha lo zang tubten mipam tsultrim gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྐུ་ཕྲེང་བཅུ་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང(༡༩༠༡)ལོར་སྨར་ཁམས་རྡོ་འབུམ་སྒང་དུ་ཡབ་ཡེ་ཤེས་ཆོས་འཕེལ་དང་ཡུམ་ཚུལ་ཁྲིམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་གསེར་བུམ་དཀྲུགས་ཐོན་གྱིས་ཆབ་མདོའི་ཁྲིར་བཀོད། དགུང་གྲངས་བཅུ་གཅིག་པ་ཆུ་བྱི(༡༩༡༢)ལོར་ཀྲའོ་ཨེར་ཕུང་གི་རྗེས་འཇུག་ཕིན་ཐུང་ལིན་ནས་ཆབ་མདོ་བླ་དགོན་ཕྱི་ནང་སྣོད་བཅུད་མེར་བསྲེག་རྩ་བརླག་བཏང་བས་ཆགས་གནས་བྲལ་ཏེ་རྟེན་གཡོལ་དང་ཆབས་ཅིག་ལྷ་སར་ཆོས་ལུགས་སློབ་གཉེར་དུ་ཕེབས་ནས་གསན་བསམ་སློབ་གཉེར་གནང་བ་དང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བློ་བཟང་ཐུབ་བསྟན་མི་ཕམ་ཚུལ་ཁྲིམས་རྒྱལ་མཚན་ཞེས་པའི་མཚན་གསོལ། དགུང་གྲངས་བཅུ་བདུན་པ་རབ་བྱུང་བཅོ་ལྔ་པའི་ས་རྟ(༡༩༡༨)ལོར་དགོན་གནས་ཉམས་གསོའི་དོན་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་སྙན་ཞུ་ཕུལ་དོན་སློབ་གཉེར་མཇུག་སྐྱོང་མཚན་བཏགས་ལེན་རྒྱུ་དང་བསྙེན་རྫོགས་སྒྲུབ་རྒྱུར་དགོན་པ་གཞི་རྐང་ཉམས་གསོ་ཚར་བསྟུན་སླར་ཡང་གདན་སར་ཞབས་བཅར་ཞུ་རྒྱུའི་དགོངས་ཁྲོལ་ཞུས་སྨིན་གྱིས་རབ་བྱུང་བཅོ་ལྔ་པའི་ས་ལུག(༡༩༡༩)ལོར་དགུང་གྲངས་བཅོ་བརྒྱད་བཞེས་སྐབས་ཆབ་མདོར་ཕྱིར་ཕེབས་ཀྱིས་དགོན་གནས་གསར་བཞེངས་ཀྱི་རྩ་འཛིན་གཏན་ཚིགས་ས་ལུག་ཤེ་བམ་གཏན་འབེབས་སོགས་ཀྱི་ལས་དོན་གནང་མུར་ལྕགས་སྦྲེལ(༡༩༢༠)ལོར་དགུང་གྲངས་བཅུ་དགུ་བཞེས་ལོར་རིགས་མ་བསྟེན་བཞེས་ལ་བརྟེན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཕྱིན་ཆད་དགེ་ལྡན་གྱི་བསྟན་འཛིན་བླ་སྤྲུལ་ཆེ་ཁག་ནས་བསྟན་རྩ་སོ་ཐར་གྱི་བཅའ་ཁྲིམས་རས་སུ་བོར་བའི་བག་མེད་འཆོལ་སྤྱོད་མི་ཡོང་བའི་ཕྱིས་ལར་འཆུན་འདོམས་ཆེད་འཕགས་པ་ལྷའི་ཧོ་ཐོག་ཐུའི་གོ་གནས་དབྱུངས་ཏེ་གསེར་ཡིག་ལས་ཐམ་མདོ་སྤྱི་བཀའ་བླ་ནས་དམ་བསྣན་དང་འབྲེལ་ཆབ་བླ་ནས་དཔོན་གཡོག་བདུན་གྱི་གསོལ་ཕོགས་ཕུལ་ཏེ་དབེན་པའི་རི་ཁྲོད་ཅིག་བཤགས་སྡོམ་གྱི་བཅད་རྒྱར་སྡོད་དགོས་པ་སོགས་ཀྱི་བཀོད་རྒྱ་ཚ་ནན་ཕེབས་འབྲེལ་འཕགས་པ་ལྷའི་ཆོས་སྲིད་ཀྱི་ལས་ ཚབ་ཞི་བ་ལྷ་སྐུ་ཕྲེང་དྲུག་པ་བསྟན་འཛིན་འཕྲིན་ལས་བསྐོ་གཞག་གིས་འཕགས་པ་སྐུ་ཕྲེང་བཅུ་པ་དེ་ཉིད་མར་ཐང་གྲོང་ཁུལ་བཞུགས་ཁང་ཞན་པོ་ཞིག་ཏུ་ཟུར་བཞུགས་གནང་དགོས་པ་བྱུང་ཡོད།འོན་ཀྱང་སྡེ་དགོན་མི་སེར་བཅས་པས་བརྩི་བཀུར་དད་གུས་སྔར་མུས་ཞུས་པ་དང་གང་ཉིད་ནས་ཀྱང་དགོན་འབངས་ཐུགས་བློས་སུ་མ་བཏང་བར་དགོན་པ་ཉམས་གསོའི་ལས་དོན་ལ་མུ་མཐུད་ཐུགས་འཁུར་བཞེས་ཤིང་། དཔའ་ཤོད་ར་སྦྲུལ་གདན་དྲངས་ཏེ་འདུས་གྲྭར་དགེ་ཚུལ་སློང་གི་སྡོམ་པ་འབོག་འཇུག་པ་དང་དབང་ལུང་ཞུ་འཇུག་པ། ཀར་མདའ་ཁྲི་སྦྲུལ་གདན་དྲངས་ཏེ་རྒྱུད་སྡེའི་དབང་དང་བཀའ་བསྟན་གྱི་ལུང་རྒྱུན་སྤེལ་ཐབས་མཛད། ཆུ་བྱ་(༡༩༣༣)ལོར་སྡེ་དགོན་སྤྱི་མགྲིན་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་འཕགས་པ་ལྷ་གང་འདིའི་གོ་མིང་བསྐྱར་གསོ་ཡོང་བའི་རེ་འདུན་སྙན་ཞུ་དང་སྦྲགས་སྤྱི་འཐུས་རྩེ་བླ་བྲང་གི་མགྲོན་གཉེར་དོན་རྒྱལ་ལྷ་སར་མངགས་གཏོང་བྱས། སྐབས་དེར་བཀའ་ཐག་མ་ཆོད་གོང་སྐུ་ཕྲེང་བཅུ་གསུམ་ཆེན་པོ་དགོངས་པ་རྫོགས་རུང་སྲིད་སྐྱོང་རྭ་སྒྲེང་ཐུབ་བསྟན་ བྱམས་དཔལ་ཡེ་ཤེས་ནས་གནང་བའི་སྲིད་ཐམ་འགོ་མཆན་དུ་འཕགས་པ་ལྷའི་མཚན་ལུང་གོ་གནས་སྔར་ལུགས་བསྐྱར་གསོ་ཆོག་འཐུས་དང་ཆོས་ཕྱོགས་རབ་བྱུང་སྡོམ་པ་འབོག་ཆོག་སོགས་བླ་ཚབ་དཀོན་རྡོར་སྤྲུལ་སྐུ་ནས་འཁུར་བཞེས་དགོས་ཞེས་ཕེབས་དོན་ལྟར་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་(༡༩༣༤)ལོར་དགུང་གྲངས་༣༣བཞེས་ལོ་ཧོར་ཟླ་༩ཚེས་༢༢ཉིན་འཕགས་པ་ལྷ་སྐུ་ཕྲེང་བཅུ་པའི་མཚན་གནས་བསྐྱར་གསོའི་ཁྲི་གསོལ་མཛད་སྒོ་བསྐྱངས། ཤིང་ཕག་(༡༩༣༥)ལོའི་ཧོར་ཟླ་༩ཚེས་༢༢ལྷ་བབ་དུས་ཆེན་ཉིན་ཕ་བོང་ཁ་རིན་པོ་ཆེ་ཆབ་མདོར་ཞབས་སོར་འཁོད་སྐབས་ཕེབས་བསུ་སེར་སྦྲེངས་སོགས་བཀུར་བསྟི་སྲི་ཞུ་བླ་མེད་མཛད། དགུང་གྲངས་སོ་དྲུག་པ་མེ་གླང་(༡༩༣༧)ལོའི་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་སྐུ་ཁམས་ཅུང་བསྙུན་ཚུལ་བསྟན་པས་ཞབས་རིམ་དང་བརྟན་བཞུགས་གསོལ་བ་ཐེངས་མང་བཏབ་ཀྱང་དྭངས་བསྐྱེད་མ་བྱུང་བར་ཆབ་མདོར་གཤེགས།

language:
Tibetan

2. Thupten Phuntsok Dictionary

(སྐུ་ཕྲེང་བཅུ་པ) རབ་བྱུང་བཅོ་ལྔ་པའི་ལྕགས་གླང (༡༩༠༡) ལོར་སྨར་ཁམས་རྡོ་འབུམ་སྒང་དུ་ཡབ་ཡེ་ཤེས་ཆོས་འཕེལ་དང་ཡུམ་ཚུལ་ཁྲིམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་གསེར་བུམ་དཀྲུགས་ཐོན་གྱིས་ཆབ་མདོའི་ཁྲིར་བཀོད། དགུང་གྲངས་བཅུ་གཅིག་པ་ཆུ་བྱི (༡༩༡༢) ལོར་ཀྲའོ་ཨེར་ཕུང་གི་རྗེས་འཇུག་ཕིན་ཐུང་ལིན་ནས་ཆབ་མདོ་བླ་དགོན་ཕྱི་ནང་སྣོད་བཅུད་མེར་བསྲེག་རྩ་བརླག་བཏང་བས་ཆགས་གནས་བྲལ་ཏེ་རྟེན་གཡོལ་དང་ཆབས་ཅིག་ལྷ་སར་ཆོས་ལུགས་སློབ་གཉེར་དུ་ཕེབས་ནས་གསན་བསམ་སློབ་གཉེར་གནང་བ་དང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བློ་བཟང་ཐུབ་བསྟན་མི་ཕམ་ཚུལ་ཁྲིམས་རྒྱལ་མཚན་ཞེས་པའི་མཚན་གསོལ། དགུང་གྲངས་བཅུ་བདུན་པ་རབ་བྱུང་བཅོ་ལྔ་པའི་ས་རྟ (༡༩༡༨) ལོར་དགོན་གནས་ཉམས་གསོའི་དོན་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་སྙན་ཞུ་ཕུལ་དོན་སློབ་གཉེར་མཇུག་སྐྱོང་མཚན་བཏགས་ལེན་རྒྱུ་དང་བསྙེན་རྫོགས་སྒྲུབ་རྒྱུར་དགོན་པ་གཞི་རྐང་ཉམས་གསོ་ཚར་བསྟུན་སླར་ཡང་གདན་སར་ཞབས་བཅར་ཞུ་རྒྱུའི་དགོངས་ཁྲོལ་ཞུས་སྨིན་གྱིས་རབ་བྱུང་བཅོ་ལྔ་པའི་ས་ལུག (༡༩༡༩) ལོར་དགུང་གྲངས་བཅོ་བརྒྱད་བཞེས་སྐྱབས་ཆབ་མདོར་ཕྱིར་ཕེབས། དགུང་གྲངས་སོ་དྲུག་པ་མེ་གླང (༡༩༣༧) ལོའི་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་སྐུ་ཁམས་ཅུང་བསྙུན་ཚུལ་བསྟན་པས་ཞབས་རིམ་དང་བརྟན་བཞུགས་གསོལ་བ་ཐེངས་མང་བཏབ་ཀྱང་དྭངས་བསྐྱེད་མ་བྱུང་བར་ཆབ་མདོར་སྐུ་གཤེགས།

language:
Tibetan