Skip to main content Skip to search
bai DUr+ya 'od kyi rgyal po
ID:
T237689
  • བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ (Tibetan, Tibetan script, Original)
    • > bai DUr+ya 'od kyi rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > baidurya ö kyi gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སངས་རྒྱས་སྨན་བླའི་སྐུའི་གཟི་བྱིན་ཁྱད་པར་ལ་བལྟོས་ནས་བཏགས་པའི་མཚན་ཅན་གྱི་ཆ་ཤས་ཤིག་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་ལས། ཁྱད་པར་བྱ་བའི་ཚིག་ནི་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་སྨོས་ཏེ། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀུན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོས་ནས་རོ་གཅིག་ཏུ་གྱུར་པས་དབྱེར་མི་ཕྱེད་ཀྱང་། གདུལ་བྱའི་སྣང་ངོར་སྤྲུལ་པའི་ཆ་ལུགས་སྣ་ཚོགས་སུ་འཆར་བ་ཞིག་ལས། འདིར་རིས་མེད་པའི་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་ག་ལ་སྨན་པ་དང་བདེ་བ་དཔག་ཏུ་མེད་པ་སྦྱིན་པ་ལ་མཚན་སྨན་གྱི་བླ་མ་ཞེས་པ། དེའི་གཟུགས་སྐུའི་ཁྱད་པར་ནི་རིན་པོ་ཆེ་བཻཌཱུརྱ་སེར་པོ་དང་སྔོན་པོ་དང་དཀར་པོ་གསུམ་དུ་འབྱུང་བའི་ནང་ནས་སྔོན་པོ་དེའི་ཁ་དོག་དང་འོད་ཟེར་དཔག་ཏུ་མེད་པ་ལྟར་སྐུའི་རྣམ་པ་སྔོ་ཞིང་ནམ་མཁའ་ལྟར་ཚད་གཞལ་དུ་མེད་ལ། དེའི་འོད་ཟེར་རྣམས་འགྲོ་བ་གང་ལ་འཕོག་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་ནད་ཀུན་བདེ་བླག་ཏུ་སེལ་བར་ནུས་པས་འོད་ཀྱི་རྒྱལ་པོ་སྟེ། ཞེས་གསུངས་པ་ལྟར་དང་། དེ་ལྟ་བུའི་སྐུ་མདོག་ཁྱད་པར་ཅན་འབྱུང་བའི་དོན་ནི། མདོ་བརྒྱད་བརྒྱ་པ་ལས། གང་གི་ཚེ་བདག་མ་འོངས་པ་ན་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན་ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་། དྲི་མ་མེད་ལ་འོད་གསལ་བ་དང་། ཁོ་ལག་ཡངས་ཤིང་རྒྱ་ཆེ་བ་དང་། དཔལ་དང་གཟི་བརྗིད་འབར་བ་དང་། ལེགས་པར་གནས་པ་དང་། ཉི་མ་དང་ཟླ་བ་ལས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པའི་སྨོན་འབྲས་ཡང་དག་པར་གྲུབ་པ་ལས་བྱུང་བའོ། །

language:
Tibetan