Skip to main content Skip to search
bod kyi rtsom rig
ID:
T237733
  • བོད་ཀྱི་རྩོམ་རིག (Tibetan, Tibetan script, Original)
    • > bod kyi rtsom rig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö kyi tsom rik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་དེང་སང་གི་བོད་ཡིག་འདི་གསར་གཏོད་བྱས་པ་ནས་བཟུང་བོད་རིགས་མི་དམངས་ཀྱི་རིག་གཞུང་ཆུ་ཚད་མཐོ་རུ་སོང་བར་བརྟེན། གོ་བདེ་ཞིང་ཚིག་སྙན་ལ་དོན་ཟབ་པའི་སྒྲུང་དང་། སྙན་དངགས། གཞས་ཚིག་སོགས་འཕེལ་རྒྱས་ཆེན་པོ་བྱུང་། དཔེར་ན། ཏུན་ཧོང་གི་ས་འོག་ནས་ཐོན་པའི་རྟ་སྒྲུང་དང་། གྱིམ་པོ་སྤུན་དྲུག་གི་སྒྲུང་། རྒྱལ་པོ་གཉའ་ཁྲི་བཙན་པོའི་ལོ་རྒྱུས། རྒྱལ་པོ་སྲོང་བཙན་སྒམ་པོ་དང་། མང་སྲོང་། འདུས་སྲོང་བཅས་ཀྱི་ལོ་རྒྱུས་སོགས་ནི་ཚིག་འབྲེལ་ཆགས་ཤིང་དཔེ་དང་དོན་སྦྱོར་སྟངས་སྙན་ལ་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་ཆུ་ཚད་དང་། མི་རིགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་པའི་རིག་རྩལ་གྱི་རྩོམ་རིག་ལེགས་པའི་གྲས་ཤིག་ཡིན། དུས་རབས་བཅུ་པའི་མཇུག་ཏུ་བོད་ལ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་ཞིང་། དེ་ནས་རིམ་བཞིན་བཀའ་གདམས་པའི་ཆོས་ལུགས་དང་། ས་སྐྱ་བའི་ཆོས་ལུགས་དར་རྒྱས་བྱུང་བའི་འགོ་ཚུགས་པ་དང་ཆབས་ཅིག ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་བོད་ཀྱི་སྙན་ངག་རྩོམ་སྟངས་དང་སྒྲ་རིག་པའི་སྐོར་གྱི་རིག་པའི་གཞུང་ལུགས་རྣམས་ཕྱོགས་བསྡོམས་བྱས་པའི་གཞུང《མཁས་པ་ལ་འཇུག་པའི་སྒོ》ཟེར་བ་བརྩམས་གནང་བ་མ་ཟད། བོད་དུ་སྐད་གྲགས་ཡོད་པའི་རྩོམ་ཡིག《ས་སྐྱ་ལེགས་བཤད》ཟེར་བ་བརྩམས་ནས་བོད་ཀྱི་རྩོམ་རིག་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་བྱུང་བ་དང་། ཕྱོགས་མཚུངས་འགྲོ་མགོན་འཕགས་པས་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ལ་གསེར་མང་པོ་བསྐུར་ནས་བལ་ཡུལ་དང་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་དང་། རིག་གནས་སློང་སྦྱོང་བྱེད་པར་བཏང་ཞིང་། ཁོང་བོད་དུ་ལོག་རྗེས་རྒྱ་གར་གྱི་མངོན་བརྗོད་དང་སྙན་ངག་གི་གཞུང་མེ་ལོང་མ་སོགས་མང་པོ་བོད་སྐད་ཐོག་བསྒྱུར་དུ་བཅུག་པ་ནས་བཟུང་བོད་ཀྱི་རིག་གཞུང་ཆུ་ཚད་ཐད་སྔར་ལས་ལྷག་པའི་གོང་འཕེལ་གསར་པ་བྱུང་ཞིང་། དུས་རབས་བཅོ་ལྔ་པའི་དཀྱིལ་དུ་བཀའ་བརྒྱུད་ཆོས་ལུགས་ཀྱི་རྩོམ་པ་པོ་སྐད་གྲགས་ཅན་གཙང་སྨྱོན་སངས་རྒྱས་རྒྱལ་མཚན་གྱིས《མེ་ལའི་མགུར་འབུམ》རྩོམ་སྒྲིག་བྱས། དེ་ནས་དུས་རབས་བཅུ་དྲུག་པ་ནས་དུས་རབས་བཅུ་བདུན་པའི་མཇུག་བར《ཇ་ཆང་ལྷ་མོའི་གཏམ་རྒྱུད》དང《རྫ་ཙིག་གཏམ་རྒྱུད》《བྱ་མགྲིན་སྔོན་ཟླ་བའི་གཏམ་རྒྱུད》《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》བཅས་བྱུང་བ་དང་། དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་རིང《བྱ་སྤྲེལ་གཏམ་རྒྱུད》དང་། 《རྒན་རྒོན་འབེལ་གཏམ》《ར་ལུག་གླང་གསུམ་གྱི་འབེལ་གཏམ》《ཆུ་ཤིང་བསྟན་བཅོས》སོགས་བྱུང་། གཞན་ཡང་ད་དུང་དུས་སྐབས་གང་གི་ནང་རྩོམ་པ་ཡིན་མིན་དང་རྩོམ་པ་པོ་སུ་ཡིན་མི་ཤེས་པའི་གཏམ་རྒྱུད《གླིང་སྒྲུང》ཁག་དང་། 《བྱ་དེ་དཀར་པོའི་སྒྲུང》དང་། 《ཤིག་དང་ལྗི་བ་དགེ་སློང་གསུམ་གྱི་སྒྲུང》《ར་ཁྱི་ཕག་གསུམ་གྱི་གཏམ་རྒྱུད》སོགས་མང་པོ་ཡོད། དེ་ཚོ་ཚང་མ་ནི་མི་རིགས་ཀྱི་སྒྱུ་རྩལ་ཁྱད་ཆོས་ལྡན་ཞིང་། དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཟུང་འབྲེལ་བྱས་ཐོག་ཚིག་སྙན་ལ་གོ་བདེ་བའི་རིག་རྩལ་རྩོམ་རིགས་ཀྱི་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་ཤ་སྟག་ཡིན།

language:
Tibetan

2. Thupten Phuntsok Dictionary

རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་དེང་སང་གི་བོད་ཡིག་འདི་གསར་གཏོད་བྱས་པ་ནས་བཟུང་བོད་རིགས་མི་དམངས་ཀྱི་རིག་གཞུང་ཆུ་ཚད་མཐོ་རུ་སོང་བར་བརྟེན། གོ་བདེ་ཞིང་ཚིག་སྙན་ལ་དོན་ཟབ་པའི་སྒྲུང་དང་། སྙན་དངགས། གཞས་ཚིག་སོགས་འཕེལ་རྒྱས་ཆེན་པོ་བྱུང་ངོ། །

language:
Tibetan